Nitartha Digital Library
Tibetan
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །


   
   
   
  collapse section
   
   
   
   
   
  collapse section
   
   
གཉིས། འགྱུར་གྱི་ཕྱག
  collapse section
   
   
  collapse section
   
   
   
   
  collapse section
   
   
   


 
previousགཉིས། འགྱུར་གྱི་ཕྱགnext

གཉིས། འགྱུར་གྱི་ཕྱག

བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་ཡུམ་བསྡུས་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །

ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་སེམས་དཔའི་མིང་འཐོབ་བོ། །ཞེས་གསུངས་པ་ལྟར་ལགས་པས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ནི་མཚན། དང་པོ་ཐུགས་བསྐྱེད་ཙ་ན་སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲོང་པའི་ཆོས་ཀྱིས་མ་གོས་པ་ཉིད་དུ་མཛད་པར་ཞལ་གྱིས་བཞེས་པས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བ་དགེ་བློས་འགྱུར་མཛད་པའི་དུས་སུ་བཀོད་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། དང་པོ་ཙ་ན་རྒྱ་གར་གྱི་ཡི་གེ་པ་དང་མཐུན་པར་རང་གང་ལ་དད་པ་ལ་ཕྱག་འཚལ་བ་ལས། ཕྱིས་མངའ་བདག་རལ་པ་ཅན་གྱི་དུས་སུ་མདོའི་འགྲེལ་བ་དང་བསྟན་བཅོས་དག་ན་གཞུང་གི་བརྗོད་བྱ་དང་མཐུན་པར་ཕྱག་བཙལ་བ་བཞུགས་པས་ལོ་ཙཱ་བའི་ཕྱག་འཚལ་བ་ཡང་དེ་བཞིན་དུ་བྱ་བར་བཀས་བཅད་དེ། འདུལ་བ་བསྒྱུར་བ་ན་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ། ཐེག་པ་ཆུང་ངུའི་མདོ་སྡེ་བསྒྱུར་བ་ན་དཀོན་མཆོག་གསུམ་ལ། ཐེག་པ་ཆེན་པོའི་མདོ་སྡེའམ་བསྟན་བཅོས་བསྒྱུར་བ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། སྲིད་པའི་སྡུག་བསྔལ་དང་རྒུད་པ་སྟོན་པའི་མདོ་སྡེའམ་བསྟན་བཅོས་བསྒྱུར་བ་ན་སྤྱན་རས་གཟིགས་ཀྱི་དབང་པོ་ལ། ཆོས་མངོན་བསྒྱུར་བ་ན་བཅོམ་ལྡན་འདས་འཇམ་དཔལ་ལ། གསང་སྔགས་བསྒྱུར་བ་ན་གསང་བའི་བདག་པོ་ལ་ཕྱག་འཚལ་ཏེ། དེ་ལས་དང་པོ་ནི། འདུལ་བའི་བསླབ་པ་འཆའ་བ་དེ་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་བསྟན་བཅོས་མཁན་ཆེན་པོ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སུའི་ཡང་སྤྱོད་ཡུལ་མ་ཡིན་པར་གོ་བའི་ཆེད་དུ་དང༌། གཉིས་པ་ནི། གཞི་མ་ཆོས་ཡིན་ཞིང་སངས་རྒྱས་ཀྱིས་གསུངས་ལ་དགེ་འདུན་ལ་དགོས་པའི་ཕྱིར་དང༌། གསུམ་པ་ནི་སངས་རྒྱས་ཀྱིས་གསུངས་ཤིང་བྱང་ཆུབ་སེམས་དཔའ་ལ་དགོས་པ་དང༌། བཞི་པ་ནི་དངོས་པོ་ལ་སངས་རྒྱས་ཐམས་ཅད་ཐུགས་རྗེ་མཉམ་ཡང་གྲགས་པ་ལ་བརྟེན་ནས་དེ་ཐུགས་རྗེ་ཅན་དུ་གྲགས་ཤིང་ཐུགས་རྗེའི་དམིགས་པ་སྡུག་བསྔལ་ཡིན་པར་གོ་བའི་ཆེད་དུ་དང༌། ལྔ་པ་ནི་དངོས་པོ་ལ་སངས་རྒྱས་ཐམས་ཅད་ཤེས་རབ་མཉམ་ཡང་དེ་ཤེས་རབ་ཅན་དུ་གྲགས་ལ། ཆོས་མངོན་པ་ཤེས་རབ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཀྱི་རང་བཞིན་ཡིན་པས་དང༌། དྲུག་པ་ནི། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་གྱིས། །བློ་དམན་ཤེས་རབ་ཆུང་བ་ལ། །ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་གསང༌། །གསུང་བ་བཞིན་དུ་སློབ་དགོས་པར་གོ་བའི་ཆེད་དུ་ཡིན་པ་ལས། དང་པོ་དང་ཐ་མ་འདི་ཉིད་ཁོ་ན་མན་ངག་ཡིན་ཏེ། འདུལ་བའི་གང་ཞིག་སྤྱད་ན་བར་དུ་གཅོད་པ་དང་བསྲུངས་ན་ངེས་པར་འབྱུང་བའི་གནད་དགག་དང་ཉེས་པའི་ན་རིམ་དང་ཉམས་པ་སོར་ཆུད་པའི་ཐབས་གསུངས་པ་ཀུན་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་མ་གཏོགས་པར་དགྲ་བཅོམ་པ་ཀུན་གྱི་ཡང་སྤྱོད་ཡུལ་མ་ཡིན་པས་འཕགས་པ་ཤཱ་རིའི་བུས་ཀྱང་རུང་མཐུན་ཙམ་ལས་བསླབ་པ་བཅའ་བ་མི་སྤྱོད་པར་གསུངས། དེ་བས་ས་བཅུའི་དབང་ཕྱུག་གིས་ཀྱང་སྤྱོད་པར་མ་གསུངས་པས། བུདྡྷའི་གསུང་ཁོ་ན་ཚད་མར་བྱས་ལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་དུ་ལག་ལེན་བྱ་བ་ལས་རང་བཟོ་དང་ཅི་ཕྱིར་ཤོད་ས་ཡེ་མེད། གནོན་མདར་བུ་གཅིག་པ་འདུལ་བ་འཛིན་པ་བྱ་བ་ཞིག་གིས་ཆང་བཏུང་དུ་རུང་སྟེ་ཆུ་བཞིན། ཕྱི་དྲོ་ཁ་ཟས་བཟར་རུང་སྟེ་སྔ་དྲོ་བཞིན་བྱས་ཀྱིན་རང་བཟོ་བྱས་པས་རྒྱབ་གས་ནས་ཤི་ལོ། །དེ་བཞིན་དུ་ཡིན་པས་ཁྱིམ་པ་ཀུན་གྱིས་ཇོ་བོའི་རུང་ཆུ་འདི་ལ་ཡོང་བཏང་བ་ཙམ་མི་གདའ་བྱས་པ་ཙམ་གྱིས་ཀྱང་དེ་དང་དུ་བླངས་ནས་ལྷོད་ལྷོད་མི་གཏང༌། སངས་རྒྱས་མངའ་ཆེ་ནས་བསླབ་པ་བཅས་པ་མིན། ངེས་པར་འབྱུང་བ་དང་བར་དུ་གཅོད་པའི་ཆོས་རྟེན་འབྲེལ་གྱི་ཆེ་བ་ཇི་ལྟར་གནས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ནས་ཐུགས་རྗེ་ཁོ་ནས་བསླབ་པ་བཅས་པ་ཡིན། ཐ་མ་མན་ངག་ཡིན་པ་ཡང་གསང་སྔགས་བྱ་བ་ཅི་ནས་ཀྱང་གསངས་པས་འགྲུབ་པ་ཡིན་ཏེ། དགེ་བཤེས་སྟོན་པའི་ཞལ་ནས། དཀྱིལ་འཁོར་གཅིག་ཏུ་དུས་གཅིག་ཏུ་ཞུགས་པ་གཉིས་ལ་རྒྱུད་དམ་སྒྲུབ་ཐབས་གཅིག་ཉིད་འཆད་ཀྱང་སོ་སོར་འཆད་དགོས་པ་ཡིན་གསུང་བར་གདའ། དྲུ་གུ་གློག་འབྱུང་གིས་འབྲོག་སྒང་ཞིག་ཏུ་སྦྲ་དཀར་ནག་མང་པོ་ཕུབ་ནས་སྒྲོན་མ་གསལ་བ་ལ་ཁྲོམ་བཤད་བྱས་པ་དགེ་བཤེས་ཀྱིས་གསན་པས། ཇོ་བོ་སྟོན་པས་བག་མེད་པ་ཆེན་པོ་བྱས་གསུངས་ཙ་ན། དུས་དེ་ཉིད་དུ་སྦྲ་གས་པ་ལ་སོགས་པའི་བཀྲ་མི་ཤིས་པ་བྱུང་བ་ལགས་པར་གདའ། འོ་ན་འདིར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བས་གཞུང་འདི་ཆོས་མངོན་པར་ཡོང་བ་མིན་ནམ་བྱས་པ་ལ་ཤིན་ཏུ་ཡང་ཡོང་བ་ཡིན་ཏེ། འདི་ཡང་གཏན་ལ་དབབ་པའི་བསྟན་བཅོས་ཡིན་པས་ན་མངོན་པ་ཞེས་བྱ་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་གཉིས་ཀ ངེས་ལེགས་ཐེག་པ་གསུམ་ག ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཚུལ་གཉིས་ཀ་གཏན་ལ་ཕབ་པས་སོ་གསུངས་ཤིང༌། ཕྱག་འཚལ་བའི་དགོས་པ་ནི་འོག་ནས་སྟོན་པར་འགྱུར་བ་བཞིན་ཏེ། དེ་རྣམས་ལོ་ཙཱ་བའི་བཀའ་ལུང་ཡིན་ཡང་རེ་རེ་ནས་གལ་ཆེ་བ་ཤ་སྟག་ཡིན་གསུངས།


previousགཉིས། འགྱུར་གྱི་ཕྱགnext