Nitartha Digital Library
Tibetan
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །


   
   
   
  collapse section
   
   
   
   
   
  collapse section
   
   
  collapse section
   
   
༢༽ སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པ།
  collapse section
   
   
   
   
  collapse section
   
   
   


 
previous༢༽ སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པ།next

༢༽ སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པ།

སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་དེ་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པ་གཉིས་ཀྱི་དང་པོ་ནི། ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བར། །སོ་སོའི་དབྱེ་བས་བྲི་བར་བྱ། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། གསལ་པོ་ཉིད་དུ་མཛད་པ་ནི། །ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །ཞེས་པ་ལ་སོགས་པ་སྟེ། སྐྱེས་བུ་ཞེས་པ་ནི་པུ་རུ་ཥ་ཞེས་པ་ནུས་པ་ཅན་ནམ་བློ་དང་ལྡན་པའི་དོན་ཡིན་ལ། དེ་ཡང་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པར་ནུས་པ་ལ་བྱ་ཞིང༌། དེ་ལ་ཡང་གནས་སྐབས་གསུམ་ཡོད་དེ། གསུངས་པ་བཞིན་དུ་ལས་རྒྱུ་དང་འབྲས་བུ་ལ་ཡིད་ཆེས་པས་མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་པ་ལ་གནས་པས་བདེ་འགྲོའི་རྟེན་སྒྲུབ་པར་ནུས་པ་ཆུང་ངུའི་གནས་སྐབས་དང༌། སྲིད་པ་ཐམས་ཅད་སྡུག་བསྔལ་དུ་ཤེས་ནས་དེ་འགྲུབ་པའི་རྒྱུ་སྤངས་པས་རང་གི་རྣམ་གྲོལ་སྒྲུབ་པར་ནུས་པ་འབྲིང་གི་གནས་སྐབས་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པར་བྱས་ནས་དེ་དག་གི་དོན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་ནུས་པ་མཆོག་ཏུ་གྱུར་པའི་གནས་སྐབས་ཏེ། པུ་རུ་ཥའི་སྒྲ་ལས་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པར་ནུས་པ་ལ་སྐྱེས་བུ་ཞེས་བྱ་བའི་གནས་སྐབས་ནི་གསུམ་པོ་དེ་ཉིད་དུ་ཤེས་པར་བྱ་དགོས་པས། སྐྱེས་བུའི་གནས་སྐབས་གསུམ་པོ་དེ་དག་གི་མཚན་ཉིད་རབ་ཏུ་གསལ་བར་དེ་གསུམ་པོ་སོ་སོའི་དབྱེ་བས་བྲི་བར་བྱ། ཞེས་པ་སྟེ། དེ་དག་ལས་གཞན་ཚེ་འདི་འབའ་ཞིག་ལ་མིག་གིས་བལྟས་ནས་འདུག་པ་དག་ལ་སྐྱེས་བུའི་མིང་མེད་པས། པུ་ཏོ་བ་དང་ཤ་ར་བ་ཡབ་སྲས་ཀྱི་ཞལ་ནས་རང་ཅག་ནོར་སོགས་མཁས་པ་ཁོ་ན་ལ་ཁྱོ་གར་བྱེད་དེ། ནོར་སོགས་མཁས་པ་ཏ་མི་བས་ལྷག་པ། བྱང་ཀུན་ན་བྱི་བ་རེ་རེས་བསགས་པའི་གྲོ་མིན་ཡང་གཡག་ཁལ་ལོངས་པ་ཡོད་དོ། །དེ་བཞིན་དུ་ཚེ་འདིའི་སྡེ་རིས་དང་ཆང་ལྡང་དང་ངོས་ཐུབ་པ་ལ་ཁྱོ་ག་ཡིན་ཟེར་ཏེ། དེ་འདྲ་བ་མི་བས་ལྷག་པ་སྐྱ་ཁ་དང་ཕོ་རོག་ཀུན་ལ་ཡང་ཡོད་པས་རྒྱལ་ལྷ་ཁང་དུ་ལོ་སྔ་ཕྱི་ལ་གཅིག་གིས་གཅིག་ལ་དམག་དྲངས་ཀྱིན་གཅིག་གིས་གཅིག་ཡུལ་ཕྱུང་སྟེ། རང་ཕྱོགས་ཀྱི་དམག་ལྷ་ཁང་གི་ལྕགས་རིའི་ནང་ཁེངས་པ་བྱུང་སྐད། དགྲ་ཤ་ལྡོན་རེམ་པ་ལ་དེར་རྩི་སྟེ་མི་ལ་དེ་ཕྱོགས་ཙམ་རྒྱེག་ལས་མེད། འུག་པ་དང་བྱ་རོག་ཀུན་ལ་མི་བས་ལྷག་པ་ཡོད་དེ། ར་བཟླུམ་དང་བྲག་རྒྱབ་བར་གྱི་གྲམ་སྒང་དུ་སྔ་ལོ་བྱ་རོག་གིས་འུག་པའི་ཕྲུ་གུའི་སྙིང་ཕྱུང་ནས་བསད་པས། ཕྱི་ལོ་འུག་པས་བྱ་རོག་གི་ཕྲུ་གུ་དེ་ཉིད་དུ་སྔར་ལྟར་བསད་ཟེར། དགྲ་ཐབས་མཁས་པའང་མི་བས་ལྷག་པ་སྨིགས་བུ་ཀུན་གྱིས་ས་ཁུང་ནས་སྦྲུལ་ལ་གཙེས་གཙེས་ཏེ་སྦྲུལ་གྱི་གནད་དུ་འཇག་མ་བསྣུན་པ་ལྟ་བུ་ཡོད། ཁེངས་དྲེགས་དང་མཐོ་གནོན་མི་བས་ལྷག་པ་རྡོ་རྗེ་གདན་དུ་བྱུང་བའི་གླང་པོ་ཆེ་དེ་ཀུན་ལ་ཡང་ཡོད་གསུངས་ཏེ། འདུ་བ་ཆེན་པོ་ཞིག་བྱུང་བའི་ཐོག་སྔ་ཉིན་རཱ་ཛ་ནར་མ་སོན་པ་ཞིག་གིས་གླང་པོ་ཆེ་ནར་མ་སོན་པ་ཞིག་ཞོན་ནས་བྱུང་བས་ཁྲོམ་ཐོག་ཆོད་པ་ལ། ཕྱི་ཉིན་དེ་གཉིས་ཀ་ནར་སོན་པ་ཞིག་གིས་ཁྲོམ་ཐོག་ཆོད་པས། གླང་པོ་ཆེ་སྔ་མ་དེ་ཁོ་རང་གི་གནས་སུ་སོང༌། ཞག་འགའ་རྩྭ་ཆུ་བཅག་རྨིག་པ་བསྐམས་ནས། གླང་པོ་ཆེ་ཕྱི་མ་ཅི་ཡང་མ་བསམས་པར་ཉལ་བ་ལ་མཆེ་བ་གཅིག་སོག་པར་རྒྱབ། ཡང་མདུན་ནས་གཅིག་རྒྱབ་ནས་སོག་པ་བཅག་སྐད་དེ། གཏམ་རྒྱུད་དེ་ཇོ་བོའི་བཀའ་ལུང་ཡིན་གསུངས། དེ་ལྟར་ན་རང་ཅག་ཕོར་རེ་བ་ཐམས་ཅད་དུད་འགྲོ་དང་ཁྱད་མེད་པར་བྱས་པ་དེ་ཀུན་ཡང་བསམ་རྒྱུ་ཁོ་ན་ཡིན་པས། དགེ་བཤེས་སྤྱིལ་བུ་བའི་ཞལ་ནས། བར་འདིར་རང་གི་རྒྱུད་ལ་རང་གིས་བྱ་ར་བྱས་ལ། རང་གིས་ཀྱང་ཆོས་བྱེད་པར་ཁས་བླངས། མིས་ཀྱང་དགེ་སློང་བྱང་ཆུབ་སེམས་དཔར་རྩེས་ཙ་ན་རང་གི་གནས་ལུགས་དུད་འགྲོ་དང་ཁྱད་མེད་པར་སོང་ནས་འདུག དེ་ལྟར་འབད་ཀྱང་ཚེ་འདི་ལ་སེན་མོའི་རྡུལ་ཙམ་ཡང་མེད། ཕྱི་མ་ཕན་ཆད་ལ་མུ་མཐའ་མེད་པ་ཡིན་སྙམ་དུ་ཡང་ཡང་བསམ་ཞིང༌། རང་གི་བློ་རྩེ་གང་ལ་གཏད་དང་རང་ལ་སྐྱེས་བུའི་དོན་ཚང་ངམ་མ་ཚང་སྙམ་དུ་སོར་བཅུ་བྲང་ལ་བཀྲམ་གྱིན་བསམ། མ་ཚང་ནས་འདུག་ན་ཅི་ནས་ཀྱང་རང་གི་རྒྱུད་ལ་སྐྱེས་བུའི་དོན་ཞིག་བསྐྱེད་པ་ལ་གལ་ཆེ་གསུངས། དེ་ལྟར་སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པའི་སྐབས་འདིར་དགེ་བཤེས་སྟོན་པ་དེ་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་ལྟ་བུའི་ཚུལ་དུ་བསྟན་པ་ལ་འཇུག་པའི་རིམ་པ་རེ་གསུང་བར་གདའ་སྟེ། དེ་ཡང་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། འདི་ཀུན་ངའི་བླ་མའི་གདམས་ངག་ཡིན་པས་གར་ཐུག་ཐུག་མི་ཟློ་བ་ཡིན་ཏེ། ད་བསྟན་པ་ཡང་ནུབ་ལ་ཁད། རྒད་པོ་ང་ཡང་ཤི་ལ་ཐུག་གསུངས་ནས་ཚོགས་སུ་ལན་ཁ་ཡར་གསུངས་པ་ནི། སློབ་མ་བཀྲིར་བཏུབ་པ་ཅི་དགེ་བའི་བཤེས་གཉེན་སློབ་མ་ཁྲིད་པར་ནུས་པ་ཞིག་གིས་ཁྲིད་པར་སོང་ན། དང་པོ་དེ་བུདྡྷ་བར་སྒྲུབ་པ་ཡིན་པས་སྐྱེ་ཤིའི་རྒྱུན་གྱིས་ཤིན་ཏུ་སྐྲག་པ་སྒོམ་དུ་འཇུག་པ་ཡིན། འདིས་ཙབ་ལིང་བ་ཞིག་མེད་ན་དེའི་གོང་མ་ཅིས་ཀྱང་མི་ཕན། འཁྱག་པའི་སྟེང་དུ་མཁར་བརྩིགས་པ་དགུན་ལྡེམ་མེ་འདུག་པ་འདྲ་ཡང་དེ་ཞུ་ཙ་ན་འཇིག དེ་བཞིན་དུ་འདི་མེད་པའི་ཆོས་གཞན་ཐམས་ཅད་རྐྱེན་གྱིས་མ་གྲུས་ཙ་ན་ཡགས་རབ་ཏུ་འདུག་པ་སྙམ་བྱེད། རྐྱེན་ཨེན་ཙམ་ཞིག་གིས་གྲུས་མ་ཐག་ཏུ་བཞག་ནས་འཇོག་པ་ཡིན། དེ་བཞིན་དུ་བསྒོམས་པས་ཕོངས་པ་དང་འཇིགས་པ་སྐྱབས་ཚོལ་བའི་བློ་སྐྱེ་བ་ཡིན། རང་མཁར་རྫོང་བཙན་པོ་ན་དཔུང་གི་ཚོགས་ཀྱིས་བསྐོར་ནས་འདུག་པ་བཞིན་དུ་འཇིགས་པ་མེད་པ་ལ་སྐྱབས་ཚོལ་བའི་བློ་མི་སྐྱེ། དེ་ལྟ་བུའི་བློ་སྐྱེས་ཙ་ན་སྐྱབས་གནས་བུདྡྷ་དཀོན་མཆོག་གི་ཆེ་བའི་ཡོན་ཏན་སྒོམ་དུ་འཇུག་སྟེ་སྐྱབས་གནས་ཡིན་པ་ལ་ཉེས་པ་ཐམས་ཅད་སྤངས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པ་ཞིག་དགོས། དེ་ཡང་རང་གི་ངོ་བོ་ལ་མེད་པ་མ་ཡིན་ཏེ། ཁྱད་པར་དུ་འཕགས་པར་བསྟོད་པ་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །ཁྱོད་ལ་སྐྱབས་སུ་མཆིས་གྱུར་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །ཞེས་གསུངས་པ་བཞིན་དུ་ཡིན་པས། དེ་ལ་ཡིད་ཆེས་པས་སྐྱབས་སུ་སོང་ནས་ཐ་མལ་བའི་མིང་དང་རུས་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་ནས་ང་བུདྡྷ་བ་ཡིན་སྙམ་པ་འབའ་ཞིག་གི་བློ་སྐྱེ་བར་སོང་ཙ་ན་སྐྱབས་སུ་འགྲོ་བའི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་ཕོག་ནས་བསླབ་བྱ་ལ་སློབ་ཏུ་འཇུག་པ་ཡིན་ཏེ་དེ་ནས་བུདྡྷ་བར་ཆུད་པ་ཡིན། ཇོ་བོ་ཉིད་ཀྱལ་ཀ་ཙམ་དུ་ཡང་སྡེ་རིས་ཞལ་གྱིས་མི་བཞེས། དགེ་བཤེས་སྟོན་པ་ལ་ཡང་རྗེའུའི་རྟོག་པ་མི་རུང་གསུངས། དེ་ལྟར་བུདྡྷ་བར་ཆུད་ནས་སྐྱབས་གནས་དེས་སྐྱོབ་པ་ཆོས་ཀྱིས་སྐྱོབས་པས། ལས་རྒྱུ་དང་འབྲས་བུའི་ཆོས་སྒོམ་དུ་འཇུག དེ་ལ་ངེས་པ་ཐོབ་པས། འདུན་དང་ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །ཞེས་པའི་ཚུལ་གྱིས་འགྲོ་བ་མ་ཡིན་པ་བཞི་པོ་གང་གིས་ཀྱང་ཆོས་ལས་མི་འདའ་བའི་བློ་སྐྱེས་ཙ་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་འབོགས་པ་ཡིན་ཏེ། འདུན་པས་ཆོས་ལས་མི་འདའ་བའི་ཚོད་སྡིག་པ་ཕྲ་མོ་གཅིག་ཁྱད་དུ་བསད་པས་རྒྱལ་སྲིད་དམ་རྒྱལ་གྱི་ཕྱེད་ཐོབ་ལ་ཁྱད་དུ་མ་བསད་ན་མི་འཐོབ་ཀྱང་དེའི་ཆེད་དུ་མི་གསོད་པ་ཡིན་ཏེ། ལས་འབྲས་ལ་ཡིད་ཆེས་པ་གཤའ་མ་ཡོད་ན་དེ་བཞིན་དུ་འོང་ངེས། སྡིག་པ་སྡོམ་པ་ཁས་མ་བླངས་པས་དུད་འགྲོ་ཕྲ་མོ་གཅིག་བསད་ན་ཡང་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེ་ལ། སྡོམ་པ་ཁས་བླངས་པས་ཉེས་བྱས་ཕྲ་མོ་གཅིག་ཁྱད་དུ་སྤྱད་ན་ཡང་དེའི་ཉིན་ཞག་གཅིག་གི་དུཿཁ་ཉམས་སུ་བླང་དགོས་པར་གསུངས། དེའི་ཉིན་ཞག་གཅིག་ལ་ཡང་མིའི་ལོ་ས་ཡ་ཕྲག་དགུ་ཡོད་པར་གསུངས། དེ་བཞིན་དུ་ཡིད་ཆེས་ན་རྒྱལ་སྲིད་ཀྱི་བདེ་བ་ཀུན་ལ་ཆགས་པའི་སྐབས་མེད། དེ་སྔར་ཡང་ཅི་ཙམ་ཡང་ཉམས་སུ་བླངས་ཏེ་བསླུས། ད་རུང་ཐོབ་ཀྱང་མོད་ལ་བསླུ་བ་ཆོས་ཉིད་ཡིན། ཞེ་སྡང་གིས་མི་འདའ་བ་ནི། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །མགོ་བོ་ལྷུང་བར་བྱས་རུང་གི །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་གསུངས་པའི་ཚུལ་གྱིས། སྲོག་ཁུང་ཁ་ཕྱེ་བའམ་ལྟག་སྲོག་བྱས་ནས་གསོད་དུ་བྱུང་ཡང༌། ཞེ་སྡང་གི་སྐབས་མི་འབྱེད་ཅིང་སྡིག་པ་ཕྲ་བ་ལ་ཡང་མི་འཇུག་པ་ཡིན། དེ་མིའི་སྡུག་བསྔལ་ཡིན། དེས་ཆོས་ལས་འདས་ན་དམྱལ་བསྲུངས་ཀྱིས་གསོད་པ་ལ་སོགས་པ་རྒྱུན་མི་འཆད། འཇིགས་པས་མི་འདའ་བ་ནི། པུ་ཏོ་བའི་ཞལ་ནས། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་གླིང་གསུམ་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ལ་གསུངས། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་འཛམ་བུ་གླིང་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ལ། མངའ་བོ་ཆེ་དེ་རྣམས་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ནས་ཁྱོད་སྡིག་པ་ཕྲ་མོ་འདི་མི་བྱེད་ན་ཉི་མ་རེ་རེ་ལ་ཤ་སྲང་ལྔ་ལྔ་སེན་འཐོགས་བྱས་ལ་གསད་དོ་ཞེས་སྡིགས་ཀྱང་སྡིག་པ་ཕྲ་མོ་ཡང་ཁྱད་དུ་མི་གསོད་པ་སྟེ། ལས་འབྲས་ལ་ཡིད་ཆེས་ན་མིའི་ཚེ་སྲིལ་ཏེ་དེ་དག་གིས་ཤ་སེན་འཐོགས་བྱས་ཀྱང་མི་འཆི་བར་དུཿཁ་ཉམས་སུ་བླང་དགོས་ཀྱང་ཡང་སོས་ཀྱི་ཉིན་ཞག་གཅིག་གི་གྲ་ཆ་ཡང་མེད། དེས་འཇིགས་ནས་སྡིག་པ་ཁྱད་དུ་གསད་ན་སེམས་ཅན་དམྱལ་བའི་མཚོན་ཆས་གཅོད་པ་དང་དམྱལ་བསྲུངས་ཀྱིས་བརྡུངས་བཏག་རྒྱུན་མི་འཆད། རང་ཅག་ལ་དེ་ཙམ་གྱི་བྲེད་སྡིགས་བྱེད་པ་ཏ་མི་ཡོང་སྟེ། ཟན་རྡོག་རེའམ་ཇ་སུན་རེའི་མཐོ་དམན་ལས་མེད་པའི་ཁེ་ཉེན་གྱི་ཆེད་དུ་འདུན་པས་ཆོས་ལས་འདའ་ཞིང་སྡིག་པ་ཆེ་དགུ་ཐམས་ཅད་ཁྱད་དུ་གསོད། མིག་ལྟ་ལེགས་ཉེས་ཙམ་དང་ཚིག་གི་མཐོ་དམན་ཙམ་ལ་ང་ལ་བརྙས་ཟེར་ནས་ཞེ་སྡང་གིས་ཆོས་ལས་འདའ་ཞིང་སྡིག་པ་ཁྱད་དུ་གསོད་དེ་འཁྲུག་གཡོམ། ཇོ་བོའམ་དཔོན་དྲག་རྐན་ཆེ་སེ་བ་ཞིག་གིས་ཁ་བྱས་སུ་དོགས་པའི་འཇིགས་པ་ཙམ་གྱིས་བརྫུན་མང་པོ་སྨྲ་ཞིང་སྡིག་པ་ཁྱད་དུ་གསོད་པ་ཡིན། རྨོངས་པས་ཆོས་ལས་མི་འདའ་བ་ནི། ལས་འབྲས་ལ་ཡིད་ཆེས་ན་སྤྱིར་མི་དགེ་བ་ལས་དུཿཁ་འབྱུང་བ་ཙམ་དུ་མི་འཇོག་པར། མི་དགེ་བའི་བྱེ་བྲག་ལས་དུཿཁའི་བྱེ་བྲག་ཇི་སྙེད་འབྱུང་བ་ཐམས་ཅད་ཤེས་པར་བྱས་ནས་སྡིག་པ་ཕྲ་བ་ཡང་ཁྱད་དུ་མི་གསོད་པར་སོང་ཙ་ན་ཡིན། ད0ེར་ན། ཕྱོགས་འདི་ཤེད་ན་མེའི་དོང་ཐུག་པ་མེད་པ་ཞིག་ཡོད་དོ་ཟེར་བ་ཐོས་ན་མིག་རང་ཡང་རིག་རིག་པོར་བྱས་ནས་དེ་ག་ན་ཡོད་ཙ་ཡུ་བཅད་ནས་དེར་ཅི་མི་ལྟུང་བྱེད་པ་ལས། ག་ན་ཡོད་མ་ཤེས་ཟེར་ནས་ལྷུང་ན་ཡང་ལྷུང་འགྲོ་བ་མི་ཡོང༌། དེ་བཞིན་དུ་ལས་འབྲས་ལ་ཡིད་ཆེས་ན་མ་ཤེས་ནས་སྡིག་པ་ཁྱད་དུ་མི་གསོད། ཐ་མལ་གཡང་ས་ཆུང་ངུ་ལའང༌། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྟུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། །ཞེས་པའི་ཚུལ་གྱིས་སྔ་མར་ནི་ལྷུང་ཡང་ཐ་མལ་བའི་གཡང་ས་ཡིན། སྡིག་པ་ཁྱད་དུ་གསད་ན་སེམས་ཅན་དམྱལ་བ་ལ་སོགས་པའི་གཡང་སར་ལྷུང་བ་ཡིན་ཏེ། རང་ཅག་ཕལ་ཆེར་རིགས་པ་དང་མི་རིགས་པ་དཔྱོད་མི་ཁོམ་ཞིང་དགེ་སྡིག་གི་མཚན་ཉིད་ལ་རྨོངས་པ་ཁོ་ནས་ཆོས་ལས་འདའ་བ་ཡིན། དེ་ལྟར་ལས་འབྲས་ལ་ཡིད་ཆེས་ནས་སྡིག་པ་ཁྱད་དུ་མ་བསད་པས་བདེ་འགྲོ་ཐོབ་ཀྱང༌། དེ་རང་གི་ངོ་བོ་ཡང་དུཿཁ་ལས་མེད་ལ་བདེ་ཅུང་ཟད་ཡོད་ཀྱང་བསླུ་བའི་ཆོས་ཅན་ཡིན། ཐར་པ་མ་ཐོབ་ན་ཡང་ངན་སོང་དུ་ལྟུང་བས་སྲིད་པའི་རྩེ་མོའི་ལྷ་ཐོབ་ཀྱང་མནར་མེད་ཀྱི་ཟངས་ཁ་ན་འདུག་པ་དང་ཁྱད་མེད་པ་ཉིད་དུ་སྒོམ་དུ་བཅུག་པས་སྲིད་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང༌། དེ་བསྐྱེད་པའི་རྒྱུ་ཡང་རང་རང་གི་རྟེན་ལ་ཡོད་པའི་ལས་དང་ཉོན་མོངས་པ་གཉིས་ཡིན་པར་ཤེས་པར་བྱས་ནས་བསམ་པ་ཁམས་གསུམ་དག་ལ་རྨི་ལམ་ན་ཡང་འདོད་པ་མེད་པའམ། མི་ཤ་བའི་བཙོན་དོང་ནས་འབྲོས་པ་ལྟ་བུའམ། ཚལ་ཚིག་པའམ་མཚོ་འཁྱགས་པའི་བྱ་བཞིན་དུ་འཁོར་བ་ལ་སྡད་ས་མ་ཡིན་པའི་བློ་སྐྱེས་ལ། སྦྱོར་བ་གློ་བུར་དུ་མགོའམ་གོས་ལ་མེ་ཤོར་བ་བསད་པ་བས་ཀྱང་ཡང་སྲིད་པ་ཟད་པར་བྱ་བའི་ཆེད་དུ་བརྩོན་འགྲུས་རྩོམ་པ་ལ་གྲིམས་པའི་ཚོད་དུ་སོང་ཙ་ན་རབ་ཏུ་བྱུང་བའི་སྡོམ་པ་སྐྱེ་བའི་དུས་ཡིན་པས་རབ་ཏུ་འབྱིན་པ་ཡིན། ཡང་སྲིད་ཀྱིས་འཇིགས་པ་ནི་དེ་བས་ཀྱང་འཕེལ། དེའི་རྒྱུའི་རྩ་བ་ཡང་འདོད་པ་ཁོ་ན་ཡིན་པར་ཤེས་པས་ཕྱི་ནང་གི་འདོད་པ་ཐམས་ཅད་ལ་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་པང་དུ་འོངས་པ། སྐྲོད་པ་ཙམ་དུ་འཇིགས་པར་ལྟ་བའི་བློ་སྐྱེས་པར་སོང་ཙ་ན་དགེ་སློང་གི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་འབོགས། དེ་ལྟ་བུའི་བློ་སྐྱེས་ཙ་ན་སྲིད་པའི་རྒྱ་མཚོ་གནག་རྗེས་ཀྱི་ཆུ་བཞིན་དུ་བསྐམ་པ་ལ་ཚེགས་མེད་ཅིང་རང་ཉིད་ཀྱི་མྱ་ངན་ལས་འདས་པ་ནི་རང་དབང་དུ་འདུག་པ་ཡིན་ཏེ། དེའི་དུས་སུ་རང་ཉིད་སྡུག་བསྔལ་ལས་གཏན་ཐར་པ་ཡང་སངས་རྒྱས་མ་ཐོབ་པར་མེད་ལ། དེ་ལ་ཡང་སེམས་ཅན་ལ་བརྟེན་དགོས། རང་གིས་ཐར་པ་དེ་ཐོབ་པ་ཡོད་ཁོངས་སུ་བཅུག་ཀྱང༌། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མི་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་པའི་ཚུལ་གྱིས་སེམས་ཅན་ཉེ་ཐུ་བྱེད་བྱེད་པ་རྣམས་བོར་ནས་རང་ཉིད་ཐར་པ་ཙམ་བསྒྲུབས་ན་དེ་ལས་ཁྲེལ་བོར་བ་ཡང་མེད་པ་ཤེས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། རང་གི་ཉམས་ལས་དཔགས་ནས་སྙིང་རྗེ་སྒོམ་དུ་བཅུག་པས། སྙིང་རྗེ་སྦྲུལ་གྱི་ཁར་ཆུད་པ་ལྟ་བུའམ་བུ་དུག་འཐུངས་པའི་མ་ལྟ་བུར་གྱུར་ནས། རང་ལ་ནུས་པ་ཡོད་མེད་དང་སེམས་ཅན་ལ་བཏུབ་མི་བཏུབ་ཀྱི་རྩེས་མི་བྱེད་པར་འགྲོ་བ་ཉམས་ཐག་སྙམ་པས་བྱང་ཆུབ་ཆེན་པོ་ལ་དམ་འཆའ་ནུས་པའི་བློ་ཚོད་དུ་ཕྱིན་པ་ན་སྨོན་པའི་སྡོམ་པ་སྐྱེ་བས་དེ་འབོགས་པ་ཡིན། དེ་བས་ཀྱང་སྙིང་རྗེའི་རླབས་ཆེར་འཕེལ་བས་སངས་རྒྱས་ཐོབ་པར་རིངས་ལ། འབྲས་བུ་ཐོབ་པ་ལ་རྒྱུ་ལ་འཇུག་དགོས་པས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་ཅི་ལ་ཡང་མ་རག་པར་འཇུག་པའི་བློ་སྐྱེ་བར་སོང་ཙ་ན་འཇུག་པ་སྐྱེ་ཞིང་འབོགས་པ་ཡིན། དེ་བས་ཀྱང་སྙིང་རྗེའི་རླབས་ཆེར་འཕེལ་བས་སངས་རྒྱས་ཐོབ་པར་ཆེས་རིངས་ལ། དེའི་ཐབས་ཀྱང་གསང་སྔགས་མྱུར་བར་ཤེས་པས་དེའི་སྒོར་འཇུག་པར་འདོད་ན། དེའི་ལས་འཕྲོ་དང་སྣོད་ལ་བརྟགས་ནས། གལ་ཏེ་ན་དེའི་སྒོར་འཛུད། གལ་ཏེ་ན་མི་འཛུད། དེས་ན་བླ་མ་མངོན་པར་ཤེས་པ་ཅན་དགོས་པ་ཡིན། གསང་སྔགས་ཉིད་ལ་འཇུག་པ་ལ་ཡང་རྒྱུད་སྡེ་བཞི་ལ་བརྟེན་པའི་རིམ་པ་ཀྲིག་གེ་བ་ཞིག་ཡོད་པ་ཡིན་པར་འདུག དེས་ན་ཇོ་བོའི་བཀའ་བརྒྱུད་འདི་ལ་བློ་སྦྱོང་གི་རིམ་པ་འདི་ལ་བསླབས་ནས་རྒྱུད་ཚོད་འདི་ཙམ་དུ་སོང་ཙ་ན་སྡོམ་ཁྲིམས་འདི་ལེན་ཞེས་པའི་རིམ་པ་ཀྲིག་གེ་བ་ཅིག་ཡོད་པ་ཡིན་ཞེས་པ་ཤ་ར་བ་ཆེན་པོའི་གསུང་ལས་བྱུང་སྟེ། དེས་ན་དགེ་བཤེས་ཆེན་པོ་ཤ་ར་བ་དེ་ཉིད་ཀྱང་དགུང་ལོ་བཅོ་བརྒྱད་ལ་རབ་ཏུ་བྱུང༌། དེ་ནས་གཙང་དུ་ཕྱིན་པ་ཐེག་པ་ཆེན་པོ་གསང་སྔགས་ལ་སློབ་གཉེར་མཐའ་དག་པ་ཞིག་བྱ་སྙམ་དུ་དགོངས་པ་ལ་དབྱར་ཞིག་པུ་ཏོ་བ་སྟག་ལུང་ཐང་ན་བཞུགས་པའི་སར་བྱོན། ཆོས་ཐུན་འདི་གསན་པས་ཚེ་འདི་ལ་སྔགས་ལ་འཇུག་པའི་རེ་མི་འདུག་སྙམ་དུ་ཐུགས་ཐག་ཆོད། དགུན་དེ་བསླབ་བཏུས་ཤིག་གསན་པས་ཨ་ཁུའི་གནས་ཀྱི་བདག་པོ་སྡེ་པའི་དཔོན་བྱ་བའི་ཐུགས་འདུན་ཀྱང་དེར་ཆོད་པ་ལགས་པར་གདའ་སྟེ། དགེ་བཤེས་པ་ཉིད་ཀྱི་ཞལ་ནས། དང་པོ་ཙ་ན་གཙང་དུ་ཕྱིན་ལ་སྔགས་ཤིག་བསླབ་སྙམ་པ་ཞིག་ཡོད་པ་ལ། དེ་རྣམས་ལན་གཅིག་ཤར་གྱིས་གསུངས་པས་སྔགས་ལ་ཁོ་ཐག་ཆོད། བན་སར་ཡིན་ཏེ་གོ་ལུགས་མ་ཞན། ད་ལྟ་ནི་ཇི་ཙམ་བཟླས་ཀྱང་ཁོ་ཐག་ཆོད་པ་རང་ཡང་མི་འོང་བར་སྣང༌། དེ་ནས་བསླབ་པ་ཀུན་ལས་བཏུས་པ་གསུངས་པས་སྡེ་པའི་དཔོན་ལ་ཁོ་ཐག་ཆོད་གསུངས།


previous༢༽ སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པ།next