Nitartha Digital Library
Tibetan
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །


   
   
   
  collapse section
   
   
   
   
   
  collapse section
   
   
  collapse section
   
   
  collapse section
༣༽ སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ།
   
   
   
   
  collapse section
   
   
   


 
previous༣༽ སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ།next

༣༽ སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ།

སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ་ལ་གསུམ་ལས།

སྐྱེས་བུ་ཆུང་ངུའི་མཚན་ཉིད།

སྐྱེས་བུ་ཆུང་ངུའམ་ཐ་མའི་མཚན་ཉིད་ནི། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གསུངས་ཏེ། མིའི་ནང་དུ་སྐྱེས་ལ་དལ་བ་དང་འབྱོར་བ་ཐོབ་པས་བསྟན་པ་ལ་བཀྲིར་བཏུབ་པའི་རྟེན་གྱི་གང་ཟག་གང་ཞིག ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པས་སྡིག་པ་སྤངས་ཤིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པའི་ཐབས་ནི་གང་དག་གིས་ཐོབ་བྱའི་འབྲས་བུ་འཁོར་བའི་བདེ་བ་ཙམ་དག་ལ་བྱེད་ཅིང༌། དེ་ཡང་རང་ཉིད་བདེ་བ་དེ་ལྟ་བུ་ལ་སྤྱོད་འདོད་ཀྱི་བསམ་པས་དོན་དུ་གཉེར་བར་བྱེད་པ་དེ་ནི་སྐྱེས་བུའི་གནས་སྐབས་གསུམ་ལས་སྐྱེས་བུ་ཆུང་ངུའམ་ཐ་མར་ཤེས་པར་བྱ་ཞེས་པ་སྟེ། དེ་ཡང་འཁོར་བའི་བདེ་བ་ཙམ་དག་ལ་ཞེས་པས་སྐྱེས་བུ་འབྲིང་མྱ་ངན་ལས་འདས་པ་སྒྲུབ་པའི་རྟེན་དུ་བདེ་འགྲོ་དོན་དུ་གཉེར་བ་བསལ་ལ། རང་ཉིད་དོན་དུ་གཉེར་བྱེད་པ་ཞེས་པས་བྱང་ཆུབ་སེམས་དཔའ་གཞན་དོན་དུ་བདེ་འགྲོའི་རྟེན་དོན་དུ་གཉེར་བའང་བསལ་བའི་སྐྱེས་བུ་ཆུང་ངུའམ་ཐ་མ་དེའི་མཚན་ཉིད་ལ་སློབ་ཚུལ་ཀྱང་ཤ་ར་བ་ཆེན་པོས། སྐྱེས་བུ་ཆུང་ངུ་སྐད་པར་མིང་བཏགས་པ་དེ་རྒྱུ་འབྲས་ལ་ཡིད་ཆེས་པ་ཞིག་ལ་གསུང་བར་གདའ་སྟེ། འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་སྐྲག་གི་བློ་རྣལ་མ་ཞིག་ཡོད་ཙ་ན་དེའི་རྒྱུ་སྡིག་པ་མི་དགེ་བ་ཕྲ་མོ་ཚུན་ཆད་སྲོག་གི་ཕྱིར་ཡང་སྤོང་བ་ཞིག་འབྱུང༌། དེ་ལ་ཡང་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་རྣལ་མ་ཞིག་སྔོན་དུ་འགྲོ་དགོས་ཏེ། འཆི་ཙ་ན་མེད་དེ་མི་ཆ་སྐྱེ་དགོས། སྐྱེས་ཙམ་ན་ལས་འབའ་ཞིག་རྗེས་སུ་འབྲང་བས་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་ནས་མི་དགེ་བ་སྤོང་བ་ཞིག་འབྱུང༌། ཞེས་གོང་མོ་བའི་བགྲེས་པོ་ཚན་ཞིག་ལ་གསུངས་པ་བཞིན་དུ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་ཡང་སྣོད་དུ་རུང་བ་ཞིག་ལ་མཐོ་ཆོད་ལ་སོགས་པ་མི་བྱེད་པར་ནད་གཡོག་དང་མ་མཛངས་མས་ནད་པ་དང་བུ་ཆུང་སྐྱོང་བ་བཞིན་དུ་མས་ཞར་རིམ་གྱིས་སྟོན་ཞིང་འཁྲིད་པ་ལས། དང་པོ་ཁོ་ནར་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་སེམས་སུ་འཇུག་སྟེ། དེ་ཡང་དགེ་བཤེས་པ་ཉིད་ཀྱི་ཞལ་ནས། སྤྱིར་སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བ། འདུས་པ་ཐམས་ཅད་ཀྱི་མཐའ་བྲལ་བ། བསགས་པ་ཐམས་ཅད་ཀྱི་མཐའ་འཛད་པ། དར་བ་ཐམས་ཅད་ཀྱི་མཐའ་རྒུད་པས་བརྟུལ་བ་ཆོས་ཉིད་ཡིན། ཁྱད་པར་དུ་སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བ་འདི་ངེས་པ་ཡིན། ཤི་བ་ལ་མ་སྐྱེས་པ་འཕགས་པ་དགྲ་བཅོམ་པ་ཀུན་ལགས། སྐྱེས་པ་ལ་མ་ཤི་བ་སྔར་ཡང་མ་བྱུང་མ་འོངས་པར་ཡང་མི་འབྱུང་ད་ལྟ་ཡང་མེད་པས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འཕོ་བར་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་པ་མིན། །ཞེས་པ་དང༌།

སངས་རྒྱས་རྣམས་དང་དེ་སྲས་དང༌། །རང་རྒྱལ་རྣམས་དང་ཉན་ཐོས་ཀྱང༌། །ཕུང་པོ་འདི་ནི་སྤོང་མཛད་ན། །དེ་ལས་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས། བུདྡྷ་ལ་ཏ། བུདྡྷ་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་སྨིན་མཛད་ཕྱིར། །མྱ་ངན་འདའ་བར་སྟོན་པ་ཡིན། །གསུངས་བ་བཞིན་དུ་གྲོང་ཁྱེར་རྩ་མཆོག་པ་ལྟ་བུའི་ངོར་མྱ་ངན་ལས་འདའ་བའི་དོན་ལགས། ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱང༌། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། བྱ་བར་གསུངས་པས། རང་གི་བྱང་ཆུབ་ཆེན་པོའི་ཚོགས་བསགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །གསུངས་པ་བཞིན་དུ་མཛད། དགྲ་བཅོམ་པ་རི་བོ་ལྟ་བུ་རྣམས་ཀྱང་མྱ་ངན་ལས་འདས་ཏེ། ཉན་ཐོས་དང་རང་བུདྡྷ་མྱ་ངན་ལས་འདའ་བ་འདི་ངེས་དོན་ལགས་པར་གདའ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་བསྟན་བཅོས་རྩོམ་པ་པོ་ཐམས་ཅད་ཀྱང་འདས། བརྒྱ་བྱིན་དང་མཚུངས་པའི་འཇིག་རྟེན་སྐྱོངས་པ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐམས་ཅད་ཀྱང་འཆི་བས། བརྒྱ་བྱིན་དག་ནི་སྟོང་རྣམས་དང༌། །འཁོར་ལོས་བསྒྱུར་བ་བརྒྱ་དག་ཀྱང༌། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །ཞེས་གསུངས་པས། མནར་མེད་ཡན་ཆད། སྲིད་པའི་རྩེ་མོ་མན་ཆད་པ་ལ་མི་འཆི་བར་གནས་པ་ཡེ་མེད་དེ། སའམ་ཇི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མི་འཆི་བ། །ཁྱོད་ཀྱིས་འགའ་ཞིག་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །གསུངས་པ་བཞིན་དུ་ལགས། དེས་ན་མགྱོགས་པས་བྲོས་སུ་ཡང་མེད་དེ། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང༌། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མྀན། །ཞེས་པ་དང༌། རྒྱལ་བུ་འཕགས་སྐྱེས་པོ་དང་བློན་པོ་མ་ལ་སྡང་གིས་ཤཱཀྱ་རྣམས་ཁ་བཏགས་ཙ་ན་བཅོམ་ལྡན་འདས་ཀྱིས། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་འགའ་ཡང་ཡོད་མིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་ཡི་ཕྲག་ཏུ་ཞུགས་ཀྱང་མི་ཕན་ནོ། །ཞེས་བགྱི་བ་གསུང་གསུངས། སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བར་ངེས་པ་དེ་ཡང༌། སྤྱོད་པ་ལ་འཇུག་པ་ནས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་འགོད་འགྱུར་ཞིང༌། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །གསུངས་པ་བཞིན་དུ་ཚེ་ལ་སྣོན་མ་མེད་ཅིང་འབྲིད་པ་ཡོད་པའི་གནད་ཀས་ཡིན་ཏེ། དེ་བས་ན་སློབ་མ་ལ་སྤྲིངས་པ་ལས་ཀྱང༌། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བརྩམས་ཏེ་འཇིག་རྟེན་འདི་དག་ནི། །གོམ་པ་གང་ཡང་གཞན་དུ་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །གསུངས་པ་བཞིན་དུ་རང་གི་ཚེ་སྐད་ཅིག་དང་རྒྱུན་གྱིས་མི་རྟག་པས། ད0ེར་ན། རི་གཟར་པོའི་འབབ་ཆུའམ་བཤའ་རར་བཅུག་པའི་ལུག་དང་གསད་སར་ཁྲིད་པའི་མི་དང་འདྲ་བར། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་བཞིན་སྤྱོད། །གསུངས། དེ་ལྟར་ངེས་པར་འཆི་བ་ཙམ་དུ་མ་ཟད་ནམ་འཆིའི་ཆ་ཡང་ཡེ་མེད་དེ། ཤ་ར་བའི་ཞལ་ནས། སློབ་དཔོན་དབྱིག་གཉེན་གྱིས། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །གསུངས་པས་བྱང་གི་སྒྲ་མི་སྙན་པས་ཚེ་ལོ་སྟོང་ཐུབ། དེ་ནས་ཡང་ཁོང་ལ་བདག་ཏུ་འཛིན་པ་ཡོད་ཀྱང་བདག་གིར་འཛིན་པ་མེད་པས་ལྷར་སྐྱེ་བ་ལགས་པར་གདའ་སྟེ། སྤྱིར་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་ཚེ་ལ་ངེས་པ་མེད། ཁྱད་པར་དུ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་ཀྱང་ནམ་འཆི་ཆ་མེད་ལ། འཆི་བདག་རྐྱེན་གྱི་ཁྲོད་གནས་པ། །རླུང་དམར་ནང་གནས་མར་མེ་བཞིན། །ཞེས་པ་ལྟར་རླུང་གསེབ་ཀྱི་མར་མེའམ་ནམ་བཞུད་ཆད་ཁའི་སྦྲང་མ་བཞིན་དུ་འཆི་བའི་རྐྱེན་མང་བས་ཀྱང་ནམ་འཆི་ཆ་མེད་དེ། ལ་ལ་མའི་མངལ་དུ་འཆི། ལ་ལ་བཙས་པ་དང་འཆི། ལ་ལ་གོག་ཐལ་ཐུལ་ན་འཆི། ལ་ལ་བྱིས་པ། ལ་ལ་གཞོན་ནུ། ལ་ལ་དར་ལ་བབ་པ། ལ་ལ་བར་མ་ལ་འཆི། རྒས་ཤིང་འཁོགས་པའི་བར་ལ་ལུས་པ་ནི་དགའ་དགའ་ཙམ། འོ་སྐོལ་ད་ལྟ་གཞོན་པས་དེ་ཙུག་མི་འཆི་ཡི་སྙམ་སྟེ། མའི་མངལ་དུ་ཤི་བར་རང་ཡང་ཅི་ཙམ་ཡང་ཡོད། འོ་སྐོལ་ད་ལྟ་དེ་ལྟ་བུ་ཡོང་ཆིས་རང་ཡང་ཡེ་མི་བྱེད་པར་མི་བྱ་དགུ་བྱ་སྟེ། འདི་ནི་དེང་བྱ་འདི་ནི་ཐངས་གཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེས་བུ་སེམས་པ་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བྱེད་ཅིང༌། །མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས། །ཞེས་སློབ་མ་ལ་སྤྲིང་བ་ནས་གསུངས་པ་བཞིན་དུ་ཡིན་པས་ནམ་འཆི་ཡེ་ཆ་མེད་གསུངས། འཆི་བའི་དུས་དེ་ཙ་ན། སྤྱོད་པ་ལ་འཇུག་པ་ནས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །གསུངས་པའམ། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང༌། །ཞིག་སྟེ་སོ་སོར་འབྲལ་འགྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །གསུངས་པ་བཞིན་དུ་ཐ་ན་རང་གི་རྣམ་ཤེས་དང་མའི་མངལ་ནས་མཉམ་པོར་འགྲོགས་ནས་འོངས་པའི་ལུས་འདི་དང་ཡང་འབྲལ་ན། ལོངས་སྤྱོད་དང་གཉེན་བཤེས་གཞན་ལྟ་ཅི་སྨོས་པས། དམ་པའི་ཆོས་མ་གཏོགས་པ་གཞན་ཅིས་ཀྱང་མི་སྟོངས་པ་ལགས་པར་གདའ། དེས་ན་འཆི་བ་ནི་ཅི་ནས་ཀྱང་འཆི། དེ་ཡང་པུ་ཏོ་བས། སང་ཕོད་ད་སང་བདག་ནི་ཅིར་འགྱུར་ཨང༌། གསུངས་པ་བཞིན་དུ་ནམ་འཆིའི་ཆ་ཡང་ཡེ་མེད་པ་ལ། ད་ལྟ་ང་དེ་ཙུག་མི་འཆི་ཡི་སྙམ་པ་དེ་རྟག་པར་ཕྱིན་ཅི་ལོག་པ་ཡིན། རང་གི་ངོ་བོ་ལ་སང་ཕོད་ད་སང་ཚེ་ཕྱི་མ་གཉིས་ཀྱང་གང་སྔ་ཆ་མེད། དེ་སྟེ་ཟླ་བ་གཅིག་དང༌། ཟླ་བ་ཕྱེད་དང༌། ཞག་བཅུ་དང་ཚེ་ཕྱི་མ་གཉིས་ཀྱང་གང་སྔ་ཆ་མེད། ཡན་ཏར་བྱས་པའི་དོ་ནོད་རང་ཀུན་ལ་ཡང་གཟེར་ཀོག་ལངས་ལ་སོགས་པ་བྱུང་ནས་མི་འཆི་བའི་ངེས་ཀྱང་མེད། མདོར་ན་སྐྱེས་ཕན་ཆད་འཆི་བ་ཡིན་ཏེ། སྐྱེ་བ་ཅན་ལ་ངེས་པར་ནི། །རྒ་དང་ན་དང་འཆི་མཆིས་པས། །མ་བགྲེས་མ་སྐུང་མ་འགྲོངས་ཞེས། །ལེགས་སྨོན་གསོལ་ཡང་ཅི་ལ་ཕན། །གསུངས་པའམ། ཤ་ར་བས་ཁམས་པའི་ཚོང་པ་ཚན་ཞིག་ལ། ཁྱོད་ཚོང་པ་ཀུན་ལམ་དུ་ཞག་རེ་སྡད་ཅིང་འགྲོ་འདུག་བྱེད་པ་ལྟར་འཁོར་བའི་སྐྱེ་ཤི་ཡང་དེ་དང་འདྲ་བ་ལགས་གསུངས་པ་བཞིན་དུ་ཡིན། ཤི་ཙ་ན་ཕུང་པོ་འདི་ཡང༌། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང༌། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་སློབ་དཔོན་གྱིས་བཤེས་པའི་སྤྲིང་ཡིག་ལས་གསུངས་པ་བཞིན་དུ། མེར་བསྲེགས་ན་ཐལ་བར་པུར་གྱིས་འགྲོ་བའམ། ཕུང་པོ་རྣམ་པར་བམ་པ་ནས་ས་རྡུལ་དང་འདྲན་འདྲེན་གྱི་བར་དུ་འགྱུར་བར་གསུངས་པས། དེ་ལྟ་བུ་ལ་བརྟེན་ནས་ཀྱང་མི་རྟག་པ་སེམས་པ་ཤ་ར་བའི་ཞལ་ནས། ཁོང་གིས་རྒྱ་གར་ན། དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་ཉིད་དུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །གསུངས་པ་བཞིན་དུ་དགེ་སློང་རྣམས་དུར་ཁྲོད་དུ་བྱོན་ཡིན་རོ་གསར་རྙིང་རྣམས་ལ་གཟིགས་ནས། བདག་ཀྱང་འདི་ལྟ་བུའི་ཆོས་ཉིད་ཅེས་པ་ལ་སོགས་པའི་སྒོ་ནས་རྟོགས་པ་ལགས་པར་གདའ་བ་ལ། འོ་སྐོལ་ལ་དུར་ཁྲོད་ཀྱི་ངེས་པ་ཅན་མེད་པས། དྲན་ཚུན་ཆད་ཀྱི་རང་ཅག་གི་ཡུལ་གྱི་སྐྱེས་པ་དང་བུད་མེད་དང་བནྡེ་ཤི་ཚད་རྣམས་འཕྲེང་བ་མནན་ཡིན་བགྲངས་ལ། བདག་ཀྱང་འདི་ལྟ་བུའི་ཆོས་ཉིད་ཅེས་པ་ལ་སོགས་པའི་སྒོ་ནས་སེམས་ཏེ། དགེ་བཤེས་ཕུ་ཆུང་བ་དར་དཀར་དགོན་པ་ན་བཞུགས་ཙ་ན། ཉི་གཡོག་རང་དཀར་དུ་མར་ལ་འགྲོ་ཙ་ན་ཡང༌། ཕྱག་སོར་བཀྲམ་ནས་རྒྱལ་གྱི་མི་ཤི་ཚད་བགྲང་ཡིན། དེ་ཡང་ཤི་དེ་ཡང་ཤི་གསུངས་ཡིན་བཞུགས། ཡར་ལོག་ཙ་ན་ཡང་ཆར་བ་བབ་པས་ཐིགས་པ་བྱུང་བ་གཅོད་ཚགས་ཀྱང་མི་མཛད་པར་འབོལ་སྟན་དྲིལ། དེ་ལ་སྒུར་བརྟེན་མཛད་ནས་ད་ཅིག་ཁོ་ན་སྐད་གསུང་ཡིན་བཞུགས་པར་གདའ། ཡང་ཕུ་ཆུང་བ་ངོ་བོ་ན་བཞུགས། པུ་ཏོ་བ་ཉན་པོ་ན་བཞུགས་ཙ་ན། ཤ་ར་བ་དང་གཉིས་ཉན་པོའི་རི་སྒང་དེ་ལ་དྲོ་རྟིང་ལ་ཆོས་ཀྱི་དུས་ཚོད་མཛད་པས། བྲག་རྒྱབ་ཀྱི་དེ་ན་ཚ་ཚ་ཁང་བུའམ་འཆད་པ་འདྲ་བ་མང་པོ་ཡོད་པ་ལ། ཕ་བི་འདི་སྐད་བྱ་བ་ཤི་བའི་ཡིན། ཕ་བི་འདི་སྐད་བྱ་བ་ཤི་བའི་ཡིན་གསུངས་ནས། ཨ་ཙ་མ་ཡོ་ཤི་ནས་སྣང་གསུངས་པ་བཞིན་དུ་སེམས་དགོས་པ་ལགས་གསུངས། དེ་བཞིན་དུ་ཕྱི་མི་རྟག་པས་ཀྱང་ནང་མི་རྟག་པ་མཚོན་པར་བྱེད་པས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དབྱར་དགུན་སྟོན་དཔྱིད་རྣམས་ཀྱི་ཁ་དོག་འགྱུར་བའམ། ཆུ་ཀླུང་རྣམས་ཀྱི་འཕེལ་འགྲིབ་བམ། ཟླ་བ་ཡར་ངོ་མར་ངོའི་འཕེལ་འགྲིབ་ལ་བལྟས་ཡིན། ནམ་ཞིག་ཆུ་ངོགས་སྨན་ལྗོངས་སུ། །གནས་ནས་ཆུ་རླབས་འབྱུང་འཇིག་དང༌། །འཚོ་བའི་འཇིག་རྟེན་གནས་འདྲ་བར། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །གསུངས་པ་བཞིན་དུ་བདག་གི་ཚེ་ཡང་འདི་ཙམ་དུ་མི་རྟག་པ་ཡིན་སྙམ་དུ་ཡང་བསམ། དེ་ལྟར་ཚུལ་སྣ་ཚོགས་ནས་བསམས་པས་མི་རྟག་པ་གཤའ་མར་གོ་ན། གཞན་གྱིས་བདག་ལ་སྙིང་རྗེའི་གནས་བྱེད། །བདག་ནི་རྟག་ཏུ་དགའ་བས་གནས་འགྱུར། །གསུངས་པ་བཞིན་དུ་ཡོང༌། དེ་བས་ན་འཆི་བ་སེམས་པ་འདི་ཁོ་ན་གལ་ཆེ་སྟེ་ཤ་ར་བའི་ཞལ་ནས། ད་ལྟ་སྡོམ་པ་གོང་འོག་ཐམས་ཅད་གཏན་ལ་མ་ཕེབས་པ་དང༌།ཚེ་འདིའི་མིག་གང་རྣོ། བང་གང་མགྱོགས། ཚེ་འདིའི་ཆེ་ཐབས་ཆུང་ཐབས་ཉི་ཚེ་བྱེད་པ་འདི་ཡང་མི་རྟག་པ་མ་གོ་བས་ལན་པ་ཡིན། མི་རྟག་པ་གོ་ན་པུ་ཏོ་བའི་དགོས་པ་ཐམས་ཅད་མི་དགོས་པར་བྱེད་པ་ལ་སོགས་པ་བཞིན་དུ་ཡོང་བ་ལགས་པས་དགེ་བཤེས་ཉིད་ཀྱི་ཞལ་ནས་ངའི་སྣང་སེལ་ཆེན་མོ་ནི་འཆི་བ་སྒོམ་པ་འདི་ཡིན་གསུངས་ཏེ། ཚེ་འདི་ལ་ཞེན་ཅིང་ཆགས་ནས་ཉེ་ཐུ་འབྲེལ་བ་དང་ནོར་ལོངས་སྤྱོད་ལ་སྣང་བ་བཀྲག་ཆེ་འཁོར་བ་ཉམས་དགའ་ཟེར་བ་འདི་བསལ་ནས་སྐྱེ་བ་ཕྱི་མ་ཕན་ཆད་དུ་འགྲོ་ཆིས་བྱེད་པ་འདི་སྣང་སེལ་ཆེ། འདིར་ཅིག་སྣ་ཁ་མ་ཟུག་ན་ཆོས་གོང་མ་ཐམས་ཅད་ཀྱང་ཉ་བསྒགས་སུ་སོང་ནས་མི་འོང༌། འདིར་ཅིག་མ་གོ་བར་ཆོས་གོང་མ་ཡོད་པ་སྐད་བྱས་ཀྱང༌། མི་ཞིག་རླུང་ལངས་པའི་ནད་བརྫུ་བྱས་པ་ལ་སྨན་པ་ཤེད་འདོད་པ་མར་ཁུ་ཞིག་འདོད་དེ་ཡོད་ནི་མེ་བཙའ་ཞིག་ཡོད་ཟེར་སྐད་པ་ལྟར། ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ། །བོང་བུ་སིངྒེའི་ལྤགས་པ་གྱོན་འདྲ། །སེམས་ཅན་དམྱལ་བ་ཆེན་པོར་འགྲོ་འགྱུར། །གསུངས་པ་བཞིན་དུ་འགྲོ་བ་ལགས། འདིར་ཅིག་གོ་ན་དེ་གོང་ཡན་ཆད་ཀྱི་ཆོས་རྣམས་ཀྱང་རང་བབས་སུ་འོང༌། འདིར་ཅིག་སྣ་ཁ་ཅིག་མ་ཟུག་ན་འཕྲང་མི་ཐུབ་འགག་མི་སྒྲོལ་བ་ཡིན་ཏེ། ཇོ་བོས་སྤ་སྒོམ་ཀུན་ཁོ་བོ་ལ་ཁར་སར་པ་ཎིས་གསུང་ཕྱུང་ངོ་ཡང་ཟེར་ཏེ། ཡབ་དང་སྲས་མཇལ་བའི་མདོ་སྡེ་གཟིགས་པས་ཟབ་མོའི་དོན་ལ་རྟོགས་པ་བརྙེས་པ་ལགས་པར་གདའ་སྟེ། མི་རྟག་པ་མ་བསམས་པས་བྲབ་རྒྱབ་པ་དང་མི་ཆོས་མ་མཐུན་པ་ལ་མི་ཆོས་ཀྱི་ཁ་བཟུང་ནས་ཇི་ལྟར་བྱུང་བ་བཞིན་དུ་ལགས། མི་རྟག་པ་གོ་ཡིན་འདིར་ཅིག་སྣ་ཁ་ཟུག་ན་དགེ་བཤེས་སྙན་སྟོན་བཞིན་དུ་འཕྲང་ཐུབ་པ་འགག་སྒྲོལ་བ་ཞིག་ཡོང་བ་ལགས་པར་གདའ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཡོན་བདག་དང་གྲོགས་པོ་དང་སློབ་མའི་ཡང་རབ་རྒྱལ་པོ་གསལ་རྒྱལ་ལ་ཡང་ལྷ་ཞལ་སྦྱར་གྱི་མན་ངག་དང་མ་གསུངས་པར་མི་རྟག་པ་ནས་གསུངས་ཏེ། རྒྱལ་པོ་ཆེན་པོ་ཕྱོགས་བཞི་ནས་རི་ཆེན་པོ་བཞི་ཡོངས་ཏེ། བྱ་བ་ལ་སོགས་པ་གསུངས་ནས། རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་བཞི་ཡོང་སྟེ། དེ་ལ་མགྱོགས་པས་བྲོས་པའམ་གྱད་སྟོབས་པོ་ཆེ་དང་སེངྒེ་ལ་སོགས་པའི་སྟོབས་ཀྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན། དེ་ལ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ན་བ་ནི་ནད་མེད་པ་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང༌། ཞེས་པ་དང༌། འཆི་བའི་དུས་ན་ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་བྱིན་ཞེས་དེ་སྐད་གསོལ་བ་ནི་འདེབས། བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཙ་ན་ཚེ་འདིར་གཏོགས་པའི་རྣམ་ཤེས་ནི་འདིར་འགག ཕྱི་མ་ཕན་ཆད་ཀྱི་རྣམ་ཤེས་མེ་སྟག་འདྲ་བ་དེ། ཝ་གལ་ཐག་ཆད་པའམ། བྱ་སྙེད་ལས་གྲོལ་བའམ། སྦྲང་མ་མིག་ཕྱུང་བ་བཞིན་དུ་སོང་ནས། ལུས་འདི་ས་རྡོ་བཞིན་དུ་ཤུལ་དུ་བཞག་སྟེ། མེར་སྲེགས་ཀྱང་ཨའུ་རྩི། ཆུར་བསྐྱུར་ཀྱང་ཨའུ་རྩི། བྱ་ཁྱི་ལ་སོགས་པ་ལ་བྱིན་ཡང་ཨའུ་རྩི་སྟེ། ཚེ་ཟད་དྲོད་ཡལ་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་བོར་བ་ན། །སྡོང་དུམ་ཇི་བཞིན་ཉལ་བར་འགྱུར། །གསུངས་བ་བཞིན་དུ་ལུས་འདི་ས་རྡོ་དང་སྡོང་དུམ་བཞིན་དུ་བཞག་ནས་འགྲོ་བས། དེའི་ཚེ། དུས་ཀྱིས་གཉེར་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །ལུས་ཅན་དག་ནི་གར་དང་གར་འགྲོ་བར། །ལས་ནི་དྲི་མ་བཞིན་དུ་རྗེས་སུ་འབྲང༌། །གསུངས་པས་ལས་ངན་པ་བྱས་པ་ཀུན་ལ་ཚེ་འདི་ཉིད་ནས་སྣང་བ་ངན་པས་མདུན་བསུ། བར་མ་དོ་ཀུན་ཏུ་ཡང༌། རབ་ཏུ་དོག་པ་ཕ་འོང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོ་དཀྲིགས་པ་ཉམ་ངའི་ལམ་དག་ཏུ། །དུས་ཀྱི་ཞགས་པས་སྐེ་ནས་བཅིངས་ཏེ་གཤིན་རྗེའི་མི། །གཏུམ་མོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་འཁྲིད་པར་འགྱུར། །གསུངས་བ་ལ་སོགས་པའི་སྣང་བ་ངན་པ་སྣ་ཚོགས་པ་འོང་བར་བཤད། དེ་བས་ན་དགེ་བཤེས་པུ་ཏོ་བས། ཨིགས་ཀྱིས་མ་སོང་བ་ལ་བྱ་ཐབས་ཡོད་དེ་གསུངས་བ་བཞིན་དུ་ཡིན་པས། རང་ཅག་འཆི་བའི་དུས་ན་འདི་ལྟ་བུའི་སྣང་བ་ངན་པ་མི་ཡོང་བའི་རྒྱུ་ལ་ད་ལྟ་འབད་པ་འདི་གལ་ཆེ་བ་ལགས་གསུངས། འོ་ན་དེའི་རྒྱུ་རང་གང་ཡིན་སྙམ་ན། རང་ནང་པ་སངས་རྒྱས་པར་ཚུད་པར་བྱས་ནས། དེའི་ཆོས་ལ་རྒྱུ་དང་འབྲས་བུའི་རྟེན་འབྲེལ་གྱི་ཆེ་བ་བསྒོམས་ནས་ཡིད་ཆེས་པར་བྱ་བ་སྟེ། དེ་ལ་དང་པོར། སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་གཟུང་གྱུར་ཅིག །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམས་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབས་པར་བྱེད་འགྱུར་ཞེས། །བྲེད་ཤ་འཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡིད་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་སྤྱོད་པ་ལ་འཇུག་པ་ནས་གསུངས་པ་ལྟ་བུའི་བསམ་པས། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །ཞེས་སྤྱོད་པ་ལ་འཇུག་པ་ཉིད་ལས་གསུངས་པའམ། ཤ་ར་བའི་ཞལ་ནས། སངས་རྒྱས་དཀོན་མཆོག་གི་ཡོན་ཏན་སྒོམ་པ་ལ་འདི་ཁོ་ན་འདོམས་ཆེ་བ་ཡིན་གསུངས་བ་སློབ་དཔོན་གྱིས་རིན་པོ་ཆེའི་ཕྲེང་བར། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་ཀུན་གྱིས་བརྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཐམས་ཅད་མཁྱེན་ལ་བདག་ཕྱག་འཚལ། །ཞེས་པའམ། ལྷ་ལས་ཕུལ་ཏུ་བྱུང་བའི་བསྟོད་པ་ན་མར་ལ། གང་ལ་ཉེས་པ་མི་མངའ་ཞིང༌། །ཡོན་ཏན་དཔག་མེད་མངའ་བ་དང༌། །ཐམས་ཅད་མཁྱེན་དང་ཐུགས་རྗེ་ཅན། །དེ་ལ་བདག་ནི་སྐྱབས་སུ་མཆི། །གསུངས་པ་བཞིན་དུ་སྐྱབས་གནས་སངས་རྒྱས་དཀོན་མཆོག་གི་ཆེ་བ་བསྒོམས་པས་དེ་ལ་ཡིད་ཆེས་ཙ་ན་སྔར་བསྟན་པ་བཞིན་དུ་སྐྱབས་འགྲོ་ཐུན་མོང་བ་སྐྱེ་བའི་དུས་ཡིན་པས་དེ་བླངས་ནས་བསླབ་བྱ་ལ་སློབ་ཅིང་ནང་པ་སངས་རྒྱས་པར་སྒྲུབ་པ་ཡིན། རང་ནང་པ་སངས་རྒྱས་པར་གྲུབ་ཙ་ན་སྐྱབས་སངས་རྒྱས་དེས་སྐྱོབ་པ་ལགས་པས། ཆོས་ཀྱི་རྩ་བ་ལས་དང་འབྲས་བུའི་ཆེ་བ་བསྒོམས་ཏེ། དེ་ཡང་སྔར་བསྟན་པ་བཞིན་དུ་མི་རྟག་པའི་གནད་ཀས་ཚེ་འདིར་མི་སྡོད་དེ་ངེས་པར་འཆི། ཤི་ནས་ཀྱང་མུ་སྟེགས་རྒྱང་འཕེན་པའི་འདོད་པ་བཞིན། ཆད་ནས་ཡེ་མེད་དུ་མི་ཆ་བས་ཡང་སྐྱེ། སྐྱེ་བ་དེ་ཡང་ཕུང་པོ་འདི་ཉིད་ཕ་རོལ་ཏུ་ཙེན་ཏེ་བཏེག་ནས་འཕོ་བ་ཡང་མ་ཡིན། ཕྱི་རོལ་པ་འདོད་པའི་རྒྱུ་མེད་རྐྱེན་མེད་ལས་ཀྱང་མི་སྐྱེ། དབང་ཕྱུག་ལ་སོགས་པ་འགྲོ་བ་གཞན་གྱིས་བྱས་པའི་མི་མཐུན་པའི་རྒྱུ་ལས་ཀྱང་མི་སྐྱེ། རང་ཇི་ལྟར་འདོད་འདོད་དུ་འབྱུང་བའི་འདོད་རྒྱལ་ལས་ཀྱང་མི་སྐྱེ། འོ་ན་གང་གིས་སྐྱེ་ན། བཤེས་པའི་སྤྲིངས་ཡིག་ལས། ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་གྱིས་མིན་ངོ་བོ་ཉིད་ཀྱིས་མིན། །དབང་ཕྱུག་གིས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །གསུངས་པ་བཞིན་དུ་རང་གི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་སྟེ། རྒྱུ་ལས་དཀར་ནག་ཇི་ལྟར་བསགས་པའི་འབྲས་བུ་བདེ་སྡུག་འབྱུང་བ་ཡིན་པས། བདེ་སྡུག་ལས་ཀྱི་འབྲས་བུར་ཤེས་པར་བྱས་ལ། ལས་ཕྲ་ཡི་ཕྲ་བ་ནས་ནན་ཏན་གྱིས་འཇུག་ལྡོག་བྱེད་པ་ཡིན། ལས་དང་འབྲས་བུ་ལ་ཡིད་ཆེས་པ་དེ་ཡང་བསྒོམས་པ་ལས་འབྱུང་གི ཐོས་པ་ཙམ་དང་ལན་ཞིག་ཝལ་གྱིས་བསམས་པ་ཙམ་ལས་མི་འབྱུང་བས་བསྒོམ་དགོས། དེ་ལ་ཤེས་དགོས། དེ་ལ་ཐོས་དགོས་པས། བླ་མའི་མན་ངག་གིས་འཕྲིག་བཅུག་ཡིན། མདོ་དང་བསྟན་བཅོས་མང་པོ་བལྟས་པའི་སྒོ་ནས་རྒྱུ་འབྲས་ཀྱི་འགྲོ་ལྡོག་ཤེས་པའི་ཐོས་བསམ་སྔོན་དུ་སོང་བ་གཅིག་གིས་ཐོག་མ་ཁོ་ནར་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསམ་པས་དེའི་སྡུག་བསྔལ་དང་ཚེ་ཚད་ཀྱི་འཇིགས་པའི་བློ་ཞིག་སྐྱེས་ཙ་ན་གདོད་རྒྱུ་ལས་ལྡོག་པ་ཞིག་འོང་བས་དང་པོར་འབྲས་བུའི་ཉེས་དམིགས་སྒོམ་པ་ཡིན། དེ་ཡང་ཚེ་འདི་ལ་འཆི་བ་ལས་འཇིགས་པ་ཆེ་བ་གཞན་མེད་དོ། །པུ་ཏོ་བས་གསུང་བ་བཞིན་དུ་འཆི་བ་བས་ཀྱང་སྐྱེ་བ་འཇིགས། སྐྱེ་བའི་ནང་ནས་ཀྱང་ངན་སོང་དུ་སྐྱེས་ན་དེ་ལས་འཇིགས་པ་མེད་པས། དེའི་སྡུག་བསྔལ་སྡོམ་ཞིང་དེ་ཡང་ཆེ་རིམ་ནས་སྒོམ་གསུངས་ཏེ། དེ་ལ་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་དབང་དུ་བྱས་ན་ཤ་ར་བའི་ཞལ་ནས་བཤེས་པའི་སྤྲིངས་ཡིག་ཏུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་བཞིན་དུ། མིའི་སྡུག་བསྔལ་དེ་ཚོད་ལས་ཆེ་ཐབས་མེད་དེ། དེས་ཀྱང་དམྱལ་བའི་སྡུག་བསྔལ་ཆུང་ཤོས་ལ་ཡང་བསྒྲུན་དུ་མེད་པ་དང༌། རང་ཅག་ལ་ད་ལྟ་ཤ་རྗེན་ལ་མེ་སྟག་གཅིག་བབས་པའམ་སྤྲ་ཚུགས་རེ་ཤ་ལ་བབས་པ་ལ་ཡང་ཚ་རླབས་ཅི་ཙམ་ཡོད་དེ། དྲན་པ་ཉེ་བར་གཞག་པ་ལས་དམྱལ་བའི་མེའི་དྲུང་ན་མིའི་མེ་ནི་ཁ་བའམ་སྤྲིན་བཞིན་དུ་བསིལ་ཞེས་ཀྱང་གསུངས། པུ་ཏོ་བ་ནི་མི་ཞིག་ལུས་ཐམས་ཅད་མེ་ནང་ན་བསྲེག་པ་ལ་ཙནྡན་གོར་ཤིར་ཥའི་ལྡེ་གུ་ཞིག་ལུས་ཀྱི་ཕྱོགས་གང་ཡང་རུང་བ་ཞིག་ཏུ་བྱུགས་ན་ལན་ཞིག་བསིལ་བསངས་པ་ཞིག་ཡོང་ལོ། །དེ་བཞིན་དུ་དམྱལ་བའི་མེ་ནང་ན་བསྲེགས་པ་ལ་མིའི་མེས་ཕྱོགས་གང་རུང་ཞིག་ཏུ་རེག་ན་ཡང་བསིལ་སངས་པ་ཞིག་ཡོད་པ་ཙམ་གྱི་ཚ་རླབས་ཡོད་པར་གསུང་གསུངས། དེ་བཞིན་དུ་དམྱལ་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐམས་ཅད་ཞིབ་ཏུ་སྒོམ་དགོས་པ་ཡིན་གསུངས་པས། སྤྱིར་དམྱལ་བའི་གནས་ནི་ས་བཅོ་ལྔ་པ་ནས་འཛམ་བུའི་གླིང་གི་འོག་དཔག་ཚད་སུམ་ཁྲི་ཉིས་སྟོང་ན་ཚ་དམྱལ་གྱི་གནས་དང་པོ་ཡང་སོས་ཡོད་པར་བཤད། མཛོད་ནས་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །གསུངས་ནས་འཛམ་བུའི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་ཚ་དམྱལ་གྱི་གནས་དམའ་ཤོས་མནར་མེད་ཡོད་པར་ཡང་བཤད་པ་ལས། སྔ་མ་ལྟར་ན་ཡང་སོས་ནས་གཞན་ལ་མར་དཔག་ཚད་བཞི་སྟོང་ཡོད་པར་འདོད་ཅིང༌། དེའི་བྱང་ཕྱོགས་དཔག་ཚད་ཁྲི་འདས་པའི་ཐད་ཀ་ན་གྲང་དམྱལ་རྣམས་ཡོད་པ་དང༌། ཉི་ཚེ་བ་རྒྱ་མཚོའི་འགྲམ་དང་ས་གཞན་ན་ཡང་ཡོད་པར་བཤད། ཉེ་འཁོར་བ་ནི་མཛོད་ལས་ཚ་དམྱལ་གྱི་གནས་རེ་རེའི་ཕྱོགས་རེར་ཡང་མེ་མ་མུར་གྱི་འོབས་ལ་སོགས་པ་བཞི་བཞི་བཅུ་དྲུག་ཡོད་པར་བཤད། དྲན་པ་ཉེ་བར་གཞག་པ་ལས་ནི་ལྷག་པ་བཅུ་དྲུག་ལ་གནས་གཞན་མི་འདྲ་བ་མང་པོའང་བཤད་དེ། གང་ལྟར་ཡང་དམྱལ་ཁམས་བཅོ་བརྒྱད་པོ་དེ་དག་གི་སྡུག་བསྔལ་གྱི་རྣམ་པ་ལ་ཚ་དམྱལ་བརྒྱད་ཀྱི་དང་པོ་ཡང་སོས་ན་དམྱལ་བསྲུངས་དང་མེའི་གནོད་པ་མེད། དམྱལ་བའི་སེམས་ཅན་དག་ནང་ཕན་ཚུན་དགྲ་མི་ཤའོ་མཐོང་བ་བཞིན་དུ་གྱུར་ནས་ལག་ཏུ་བླང་ཚད་མཚོན་ཆར་སོང་བས་གཅིག་གིས་གཅིག་གི་ལུས་དྲལ་ཅིང་ཉལ་གྱིས་གསོད། དེར་ནམ་མཁའ་ལས་སོས་པར་གྱུར་ཅིག་བྱ་བའི་སྒྲ་བྱུང་བ་དང༌། ལུས་སྔ་མ་ལྟར་སོས་ནས་ཡང་ཕན་ཚུན་གསོད་རེས་བྱེད་པས་ཉིན་རེ་ལ་ཡང་ལན་བརྒྱ་བརྒྱ་འཆི། ལན་བརྒྱ་བརྒྱ་སོས་པའི་སྡུག་བསྔལ་ཡོད་པར་བཤད་དེ། དེ་ལ་ཤ་ར་བའི་ཞལ་ནས་ཡང་སོས་ཀྱི་ཉིན་རེ་ལན་བརྒྱ་བརྒྱ་འཆི། བརྒྱ་བརྒྱ་སོས་པ་འདི་དམྱལ་བ་རང་གི་ཉིན་མཚན་ཡིན་ན་སྡུག་བསྔལ་ཆེ་རྒྱུ་རང་ཡང་མེད་དེ། མིའི་ཉིན་མཚན་ཡིན་ན་བཟོད་པའི་ཐབས་མེད་གསུངས་ན། དེ་མིའི་ཉིན་མཚན་ཡིན་པ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། བགྱི་བ་ལ་སོགས་པ་དེ་ཉིད་ཀྱིས་ཤེས་ནུས་པ་ཡིན་ཞེས་སྣར་ཐང་པའི་མཁན་པོ་དཔལ་ལྡན་པས་གསུངས་སྐད། གཉིས་པ་ཐིག་ནག་ན་དམྱལ་བསྲུངས་ཕག་དང་སྦྲུལ་དང་གླང་གི་མགོ་ཅན་ལ་སོགས་པ་ཁ་བར་སྣང་ཙམ་ཡོད་པ་དག་གིས་དེར་སྐྱེས་པའི་སེམས་ཅན་ཀུན་བཟུང་ནས་གྱེན་ཐུར་རམ་རྒྱ་གྲམ་དུ་ལུས་ལ་ཐིག་ནག་པོ་བཏབ་སྟེ་སྟ་རེ་ལ་སོགས་པས་འདྲ་བ་དང་གཤོག་པ་དང་འཇོག་པ་ལ་སོགས་པ་བྱེད་དེ། སྨད་གཤོག་ཙ་ན་སྟོད་སོས། སྟོད་གཤོག་ཙ་ན་སྨད་སོས་ནས་ཡོང་བ་ལ་རྟག་ཏུ་དྲ་གཤགས་བྱེད་པས་སྡུག་བསྔལ། གསུམ་པ་བསྡུས་འཇོམས་ན་དམྱལ་བསྲུངས་དེ་འདྲ་བ་ཀུན་གྱིས་དེར་སྐྱེས་པའི་སེམས་ཅན་དེ་བཟུང་ནས་རི་རྟའི་གདོང་པའམ་ལུག་གི་གདོང་པ་ལྟ་བུ་གཉིས་ཀྱི་བར་དུ་བཅུག་སྟེ་ལུས་འཇོམས་ཤིང་ཁྲག་ཟགས་པར་བྱེད། རི་གཉིས་པོ་སོང་ཙ་ན་ལུས་སོས་ནས་ཡོང་བ་ལ་ཡང་སྔར་བཞིན་དུ་བྱེད་པས་སྡུག་བསྔལ་ཞིང་ལྕགས་ཀྱི་ས་གཞི་ལ་ལྕགས་ཀྱི་གླང་བུ་རྨིག་པ་མེ་འབར་བས་ཉིད་པར་ཡང་བྱེད། བཞི་པ་ངུ་འབོད་ན་སེམས་ཅན་དེ་ལྕགས་ཀྱི་ཁང་པ་དྲ་མིག་ཅན་ནང་མེར་འབར་བའི་ནང་ན་སྡུག་བསྔལ་བས་ངུ་ཞིང་འབོད་པར་བྱེད། ལྔ་པ་ངུ་འབོད་ཆེན་པོ་ན་ཁང་པ་དེ་འདྲ་བ་ཉིས་རིམ་དུ་ཡོད་པས་སྔ་མ་བས་སྡུག་བསྔལ་ལོག་པོས་ཆེ་བས་ངུ་འབོད་ཀྱང་ཆེར་འབྱིན་ཏེ། དེ་གཉིས་ཀ་ལ་ལས་ལས་གྲུབ་པའི་བྱ་ཁྱི་དང་སྦྲུལ་དང་སྦྲང་མ་ལྕགས་ཀྱི་མཆུ་དང་མཆེ་བ་ཅན་དག་དྲ་མིག་ནས་ཞུགས་ཏེ་མཚེ་བར་བྱེད། དྲུག་པ་ཚ་བ་མན་ཆད་ན་ལྕགས་ཀྱི་ཁང་པ་ཕྱི་ནང་གཉིས་ཀ་མེར་འབར་བའི་ནང་དུ་སེམས་ཅན་དེ་ལྕགས་ལས་བྱས་པའི་ཟངས་པོ་ཆེ་དཔག་ཚད་མང་པོ་ཡོད་པར་འཚོད། ལྕགས་ཀྱི་གསལ་ཤིང་མེ་འབར་བས་གཤམ་ནས་ཕུག་སྟེ་སྤྱི་བོར་ཐལ་བྱུང་དུ་འབུགས། ལྕགས་ཀྱི་ཐོ་བ་མེ་འབར་བས་བརྡུང༌། བདུན་པ་རབ་ཏུ་ཚ་བ་ན་སྡུག་བསྔལ་སྔ་མའི་སྟེང་དུ་ལྕགས་ཀྱི་གསལ་ཤིང་མེ་འབར་བ་རྩེ་མོ་གསུམ་པས་གཤང་ལམ་དང་རྐང་མཐིལ་གཉིས་ནས་སྤྱི་བོ་དང་ཕྲག་གོང་གཉིས་སུ་ཐལ་བྱུང་དུ་འབུགས། ལྕགས་ཀྱི་གླེག་མ་མེ་འབར་བས་ལུས་ལ་དཀྲི། མེ་འབར་བའི་ནང་དུ་སྤྱི་བོ་ཚུགས་སུ་བཅུགས་ནས་ཀེང་རུས་འབའ་ཞིག་ལུས་པར་བྱེད། ཕྱིར་ཕྱུང་ནས་ལྕགས་ཀྱི་ས་གཞི་ལ་བཀྲམ་པས་ཤ་དང་ལྤགས་པ་དང་ཁྲག་སྐྱེ་ཞིང་ཡང་འཚེད། བརྒྱད་པ་མནར་མེད་ན་གོང་མའི་སྡུག་བསྔལ་དེ་རྣམས་ཀྱི་ཁར་མནར་མེད་མེའི་ཕུང་པོ་བཅུ་གཅིག་ཟེར་ཏེ། ཕྱོགས་དང་ཕྱོགས་མཚམས་སྟེང་འོག་དམྱལ་བ་པ་བདག་ཉིད་དང་ཐམས་ཅད་མེར་སོང་ནས་སྐད་ངན་རེང་ངེ་བ་ལ་སེམས་ཅན་དུ་མཚོན་པ་ཙམ་ལས་དམྱལ་བ་པ་གང་ཡིན་དང་མེ་གང་ཡིན་རང་ཡང་ངོ་མི་ཤེས་པ་ཙམ་དུ་མེ་འབར་ཡང༌། དེས་བསྲེག་པ་ཁོ་ན་ལས་སྣང་བའི་བྱ་བ་མི་བྱེད་པས། མནར་མེད་པའི་སེམས་ཅན་དམྱལ་བ་མུན་པ་མུན་ནག་ཆེན་པོ་ཅན་བྱ་བའི་སྡུག་བསྔལ་ཡོད་པར་བཤད། སྡུག་བསྔལ་ཆེ་ཡང་ཚེ་ཐུང་ན་བག་ཅིག་དྲག་པ་ལ། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་དོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་པ་བཞིན་དུ་ཚེ་ཡང་ཤིན་ཏུ་རིང་སྟེ། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་སྐད་ན་དེ་ཀུན་གྱི་ནང་ནས་ཚེ་ཐུང་ཤོས་ཡང་སོས་ཡིན་ཏེ་ཡང་དེའི་ཚེ་ཚད་རྒྱལ་ཆེན་རིགས་བཞི་པའི་ལྷས་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ་གཅིག དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། དེ་རིལ་གྱི་ཡང་སོས་ཀྱི་ཉིན་ཞག་གཅིག་ཏུ་བྱས་ནས་དེ་ཟླ་བ་དང་ལོར་སྒྲེས་པའི་རང་ལོ་ལྔ་བརྒྱ་ཐོབ་པར་གསུངས་པ་ལས། སྣར་ཐང་པ་སངས་རྒྱས་སྒོམ་པས་མཁན་པོ་དཔལ་ལྡན་པ་ལ་ཡང་སོས་ཀྱི་ཚེ་ཚད་བཤད་པ་འདི་དང་ཉིན་གཅིག་ལ་སྲོག་བརྒྱ་འཆད་བརྒྱ་བརྒྱ་འཚོ་ཞེས་པ་གཉིས་ཇི་ལྟར་ལགས་ཞུས་པས། ཉིན་གཅིག་ལ་སྲོག་བརྒྱ་འཆད་བརྒྱ་འཚོ་བ་དེ་ཡང་སོས་ཀྱི་སྡུག་བསྔལ་གྱི་བྱེ་བྲག་ཡིན། ཚེ་ཚད་མིན། ཉིན་ཞག་ཀྱང་མིའི་ཡིན། རྣམ་པར་སྨིན་པའི་ཚེ་ཚད་བཤད་ཚོད་དེ་ཡིན་གསུངས་སྐད། དེ་མན་ཆད་རྣམས་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་འདོད་ལྷའི་གནས་ལྷག་མ་ཀུན་གྱི་ཚེ་དང་ཉིན་ཞག་མཉམ་པར་ལོག་པོ་ལོག་པོས་རིང་ཞིང་རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་མནར་མེད་པས་བར་བསྐལ་གཅིག་ཐུབ་པར་གསུངས་པས། དེ་དག་ཏུ་སྐྱེས་ན་ཐར་དུས་རང་མི་འོང་བའི་ཚོད་ཡིན། གལ་ཏེ་ཐར་དུ་ཟིན་ཀྱང༌།འཁོར་ལྷག་པ་བྱ་བ་དམྱལ་བ་དངོས་གཞིའི་རྒྱུ་མི་ལྡང་བ་རྣམས་འདིར་སྐྱེ་བར་གསུངས་ཤིང༌། དམྱལ་བ་དངོས་གཞིའི་སྡུག་བསྔལ་མྱངས་ནས་ད་དངོས་གཞིའི་སྡུག་བསྔལ་གྱི་རྒྱུ་མི་ལྡང་བ་རྣམས་ཀྱང་འདིར་སྐྱེ་བར་གསུངས་ཏེ་འོ་ཅག་ལ་འདི་རང་གིས་ཆོག བཅུ་དྲུག་བྱས་པས་ཚོམ་པ་ཀྲིག་གེ་བ་ཞིག་ཡོད་པར་མི་གདའ། གྲོངས་ལ་འོབས་སམ་ལྕགས་རི་བཞི་རིམ་གྱིས་བསྐོར་ནས་ཡོད་པ་བཞིན་དུ་ཡོད་པར་གདའ། ཞེས་ཤ་ར་བ་ཆེན་པོས་གསུངས་པ་བཞིན་དུ་ཉེ་འཁོར་གྱི་སྡུག་བསྔལ་བཅུ་དྲུག་ཅེས་པ་ཚ་དམྱལ་གྱི་གནས་དེ་རྣམས་རེ་རེའི་ཡང་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། ཐལ་ཚན་གྱི་ཆུ་བོ་རབ་མེད་དང་གསུམ། རལ་གྲི་ལོ་མའི་ནགས། སྤུ་གྲིས་གཏམས་པའི་ཚལ། ཤལ་མ་ལིའི་སྡོང་པོ་རྣམས་མཚོན་ཆའི་གནོད་པར་གཅིག་པས་གཅིག་ཏུ་བགྲང་སྟེ། དེ་ལྟར་བཞི་བཞི་བཅུ་དྲུག་ཡོད་པར་ཆོས་མངོན་པ་ལས་བཤད་པའམ། དྲན་པ་ཉེར་གཞག་ནས་ཕྱོགས་རེ་རང་ན་ཡང་ཉེ་འཁོར་གྱི་དམྱལ་བ་བཅུ་དྲུག་རེ་ཡོད་པར་བཤད་པ་དེ་ཀུན་ཏུ་སྐྱེས་ནས་ལུས་སྲེག་པ་དང་གཅོད་པ་དང་འབིགས་པ་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་པ་ལགས་པར་གདའ། ཉི་ཚེ་བའི་དམྱལ་བ་བྱ་བ་རྒྱ་མཚོའི་འགྲམ་ལ་སོགས་པ་ན་ཡོད་པར་གསུངས་ཏེ་དེར་སྐྱེས་པ་རྣམས་ལའང་གཙུག་ལག་ཁང་དང་རབ་ཏུ་བྱུང་བ་མེར་འབར་བ་དང་ཤ་རང་གིས་ཟ་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་སྐད། དེ་དག་ལས་གཞན་གྲང་བའི་དམྱལ་བ་བརྒྱད་པོ་ཆུ་བུར་ཅན་དང༌། ཆུ་བུར་བརྡོལ་པ་ཅན་དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། སོ་ཐམ་ཐམ་པ་དང༌། ཨུཏྤལ་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ཆེན་པོ་ལྟར་གས་པ་ཀུན་ལ་ཡང་རང་མིང་དང་མཐུན་པའི་སྡུག་བསྔལ་གྱི་རྣམ་པ་གྲང་དམྱལ་གྱི་གནས་དེ་དག་ན་གོས་དང་ཁང་པ་དང༌། རྩིག་པའི་སྐྱབས་ནི་གང་ཡང་མེད། མེ་དང་ཉི་མའི་སྣང་བ་དང་ནི་བྲལ། གྲང་བའི་རྐྱེན་ཆུ་འགྲམ་མམ་རི་རོང་ངམ་ཐང་ཀ་ཨེ་ཐེར་དུ་གནས་ཤིང་དེར་ཡང་ཁ་བ་དང་ལྷག་པ་དག་གིས་ལུས་ལ་བཏབ་པས་གྲང་དྲགས་ནས་དེར་སྐྱེས་པའི་སེམས་ཅན་དག་གི་ལུས་ལ་ཆུ་བུར་བྱུང་བ་ནས་ཨ་ཆུ་ཟེར་བ་ལ་སོགས་པ་སོ་ཐམ་ཙེར་སོང་བའི་བར་གྱི་སྡུག་བསྔལ་དང༌། དེ་ལས་ཀྱང་ཐལ་ཏེ་ལུས་ཨུཏྤལ་ལྟར་མདོག་སྔོན་པོར་གྱུར་ཏེ་ཁ་ལྔ་ན་ཕར་ལ་གས་པ་དང༌། པདྨ་ལྟར་མདོག་དམར་པོར་གྱུར་ཏེ་ཁ་བཅུ་ན་ཕར་ལ་གས་པ་དང༌། པདྨ་ཆེན་པོ་ལྟར་ཁ་བཅུ་དྲུག་ན་ཕར་ལ་ཆེར་གས་པའི་སྡུག་བསྔལ་ཡོད་པར་གསུངས། གྲང་དམྱལ་དེ་རྣམས་ཀྱི་ཚེའི་ཚད་ཀྱང༌། ཏིལ་རྗང་ནང་ནས་ལོ་བརྒྱ་ཞིང༌། །ཏིལ་རེ་ཕྱུང་བས་ཟད་འགྱུར་བ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །བགྱི་བ་གསུངས་པས་ཚེ་ཡང་ཤིན་ཏུ་རིང་བ་ལགས་པར་གདའ་ན། རང་ཅག་ཀྱང་དམྱལ་བའི་གནས་དེ་ཀུན་ཏུ་མི་སྐྱེ་བའི་གདེངས་ནི་མ་ཐོབ། གདེངས་མ་ཐོབ་ཀྱི་ཁར་སྟབས་ཉེས་ནས་འགྲོ་བ་ལ་ཡང་ཚེགས་མེད་པས། སྡུག་བསྔལ་གྱི་རྣམ་པ་དེ་རྣམས་ཡང་དང་ཡང་དུ་བསམས་ལ་འཇིགས་ཤིང་སྐྲག་པའི་བློ་ཞིག་སྐྱེད་པ་གལ་ཆེ། དེ་ཡང་འོ་སྐོལ་འཛམ་བུ་གླིང་པ་ཡིད་ཆེས་པར་དཀའ་བས་ཐོས་ལོ་བལྟས་ལོ་བསམས་ལོ་ཙམ་གྱིས་མི་ཕན། སྙིང་ནས་བསམས་པས་ཡིད་ཆེས་པ་ཞིག་དགོས་ཞེས་ཤ་ར་བ་གསུངས་ཤིང༌། བསྒོམས་པས་ཡིད་ཆེས་པའི་ཚོད་ཀ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས་མ་ཐབས་ཀྱང་འཕགས་པ་ཀུན་དགའ་བོའི་ཚ་བོ་གཉིས་པོ་ཙམ་ཞིག་དགོས་ཏེ། དེ་ཡང་རྒྱལ་བུུ་འཕགས་སྐྱེས་པོས་ཤཱཀྱ་རྣམས་ལ་བཀྱོན་ཕབ་ནས་ཁ་བཏགས་ཙ་ན། གྲོང་ཁྱེར་སེར་སྐྱར་མཉན་ཡོད་པའི་ཚོང་པ་རྡལ་ཅིག་ལྷག་པས། དེ་ན་དྭ་ཕྲུག་གཉིས་སྣང་བ་ལ་ཁྱེད་ལ་ངོ་ཤེས་འདྲ་བ་མེད་དམ་བྱས་པས། ཀུན་དགའ་བོ་ཟེར་བའི་ཞང་པོ་ཞིག་ཡོད་དེ་ཟེར་བ་དང༌། དེ་གཉིས་ཚོང་པས་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་ཀུན་དགའ་བོ་ལ་གཏད། དེར་སློབ་གཉེར་བྱེད་དུ་བཅུག་པས་ཉམ་བུ་ཤེད་བྱས་ནས་མ་བཏུབ་པ་མོའུགལ་གྱི་བུ་ལ་བཅོལ་བས་དང་པོ་ཡག་རབ་བྱུང་བ་ལ་ངོ་འདྲིས་ནས་ཡང་ཉམ་བུ་ཤེད་བྱེད་ཅིང་མ་བཏུབ་པས། འཆག་ས་འོག་མ་བལྟ་བར་འདོད་དམ་བྱས་ཀྱིན་དམྱལ་བ་བསྟན་པས་དེས་འཇིགས་སྐྲག་ནས། ལྟོ་ཟ་ཁར་དྲན་ན་མིག་པ་བཅིངས་པ་བཞིན་དུ་འགྲོ། ཟོས་ཟིན་པ་དང་དྲན་ན་རྒྱུ་མའི་ནང་ཚུན་ཆད་སྐྱུག་པས་ཤིན་ཏུ་རིད་པར་གྱུར། འཆག་ཏུ་འདེང་ངམ་བྱས་ཙ་ན་ཡང་འདི་ཉིད་དུ་སློབ་གཉེར་བགྱི་ཟེར་སྐད། དེ་བཞིན་དུ་ཡིད་ཆེས་པ་མ་སྐྱེས་ཀྱི་བར་དུ་སྒོམ་དགོས་པ་ཡིན་གསུངས། དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་སེམས་པ་ལ། དྲན་པ་ཉེར་གཞག་ནས་ཡི་དྭགས་ཀྱི་རིགས་མི་འདྲ་བ་སུམ་ཅུ་རྩ་དྲུག་ཡོད་པར་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་གནས་ན་གནས་པ་དང་མཁའ་ལ་རྒྱུ་བའི་ཡི་དྭགས་བྱ་བ་གཉིས་སུ་འདུ་བར་འཕགས་པ་ཐོགས་མེད་ཀྱིས་བཤད་པ་ལས་གནས་ན་གནས་པའི་ཡི་དྭགས་ནི་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་བཅལ་བའི་ས་ན་ཡོད་དེ། དེ་ན་གནས་པའི་ཡི་དྭགས་འགའ་ཞིག་དེར་སྐྱེས་ནས་ལོ་མང་པོ་ཟས་སྐོམ་གྱི་མིང་ཙམ་ཡང་མི་ཐོས་པས་བཟའ་རྒྱུ་ལ་སོགས་པ་དུས་སུ་ཡེ་མི་རྙེད། བརྒྱ་ལ་དམ་དུམ་རེ་རྙེད་ཀྱང་དེ་ཉིད་ཀྱི་ལས་ལས་སྐྱེས་པའི་སྐྱེས་བུ་མཚོན་ཆ་ཐོགས་པས་བསྲུང་བར་མཐོང་ནས་བཟའ་ཞིང་བཏུང་དུ་མེད་པས་ལུས་ཀྱི་ཤ་ཁྲག་བསྐམས་ནས་ལུས་སྡོང་པོ་སྔོ་ཡག་མ་བཞིན་དུ་སོང་བ་ལ་སོགས་པའི་སྡུག་བསྔལ་ཡོད་པ་ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་སྐད་པ་གཞན་གྱིས་གེགས་མ་བྱས་ཀྱང་དང་པོ་ཟས་སྐོམ་མི་རྙེད། བག་ཙམ་རྙེད་པའང་ཁ་ཁབ་མིག་ཙམ་དུ་མི་ཚུད། ཚུད་ཀྱང་མགྲིན་པ་མོ་ཁབ་ལྟར་ཕྲ་བ་ལ་མི་ཐར་པས་ལྟོ་བ་རིའི་ལྟོས་ཙམ་དུ་མི་ཕྱིན། ནམ་ཞིག་ཏུ་ལྟོ་བར་ཕྱིན་ཙ་ན་འགྲངས་པའི་བྱ་བ་མི་བྱེད་ཀྱི་ཁར་ལུས་ཀྱི་རྒྱུ་ལྟོ་བསྲེག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡོད་ཅིང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་སྐད་པ་ལ་དང་པོར་བཟའ་བཏུང་མི་རྙེད། བག་ཙམ་རྙེད་ཀྱང་རྣག་ཁྲག་དང་མེ་སྟག་ལ་སོགས་པར་སོང་ནས་བཟར་མེད་པའི་སྡུག་བསྔལ་ཡང་ཡོད་དེ། དེ་དག་གི་ནང་ནས་ཀྱང༌། དམངས་རིགས་ཁ་ཅིག་རྣག་དང་ཕྱི་ས་དང༌། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །སྦ་བ་ཕྱུང་བ་སྨིན་པའི་རྣག་འཚལ་ལོ། །གསུངས་བ་དང༌། སྣང་བ་ལོག་པའི་སྡུག་བསྔལ་སྐད་ན། འདི་དག་རྣམས་ལ་སོ་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །བགྱི་བའི་སྡུག་བསྔལ་ཡང་ཡོད་པར་གསུངས། མཁའ་ལ་རྒྱུ་བའི་ཡི་དྭགས་ནི་འདྲེ་དང་རྒྱལ་འགོང་ལ་སོགས་པ་ད་ལྟར་མི་ལ་གནོད་པ་སྐྱེལ་བའི་རིགས་ཅན་འདི་ཀུན་ཏེ། འདི་རྣམས་ལ་ཡང་ཚ་གྲང་བཀྲེས་སྐོམ་འཇིགས་སྐྲག་ངལ་དུབ་ལ་སོགས་པའི་སྡུག་བསྔལ་སྔ་མ་ཀུན་དང་འོལ་འདྲ་ལ་ཁྱི་དང་ཡི་དྭགས་ཀྱི་སེམས་སྐད་པ་དུས་རྟག་ཏུ་སྐམ་སྐམ་ཙིག་ཙིག་གནོད་སེམས་ཤ་སྟག་ཏུ་སོང་ནས་ཆོས་ཐོག་ཏུ་ཤེས་པ་སྐད་ཅིག་ཀྱང་སྐྱིལ་དུ་མི་བཏུབ་པའི་སྡུག་བསྔལ་དང༌། ཤི་ནས་ཀྱང་ཕལ་ཆེར་དམྱལ་བ་འབའ་ཞིག་ཏུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ་དེ་ལྟ་བུ་རྣམས་སུ་གཞན་སྐྱེ་རྒྱུ་སྐྱེས་པ་མིན། བདག་མི་སྐྱེ་རྒྱུ་སྔར་མ་སྐྱེས་ད་མི་སྐྱེ་བྱ་བ་མིན་ཏེ། རྒྱུ་མ་སྤངས་ན་ངེས་པར་སྐྱེ་དགོས། སྐྱེས་ཕྱིན་ཆད་སྡུག་བསྔལ་དེ་ཀུན་ཡང་ཉམས་སུ་མྱོང་དགོས། དེ་ཡང་ཚེ་ཐུང་ན་བག་ཅིག་དྲག་པ་ལ་ཚེ་ཡང་ཤིན་ཏུ་རིང་སྟེ། མངོན་པ་མཛོད་ནས། ཟླ་བའི་ཉིན་ཞག་གི་ལྔ་བརྒྱ། །ཞེས་མིའི་ཟླ་བ་གཅིག་ལ་ཉིན་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས། དེ་མིའི་ལོར་བརྩིས་པ་བཤེས་པའི་སྤྲིང་ཡིག་ཏུ། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའྀ་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །གསུངས་པ་དེ་ལགས་པས། རྒྱལ་ལྷ་ཁང་ནས་ཀྱང་ཚ་རྡོར་ཚུལ་ཞེས་པ་རྒྱལ་བ་ལ་ཞེན་པ་ཆེ་བ་ཞིག་ཡོད་པ་དེ་ལ་པུ་ཏོ་བའི་ཞལ་ནས། རྒྱལ་ལྷ་ཁང་འདི་ལ་ཁྱོད་ཧ་ཅང་ཡང་ཞེན་པ་མ་ཆེ། ཞེན་པ་ཆེས་པའི་རྣམ་སྨིན་གྱིས་ཡི་དྭགས་སུ་སྐྱེས་ན། དེའི་ཚེ་ཚད་མ་ཐུབ་ནས་དེ་ནས་འདིར་སྐྱེས་པའི་ཡིན་ན་རྒྱལ་ལྷ་ཁང་བྱ་བ་འདི་ན་ཡོད་པ་ཡིན་བྱ་བའི་ས་ཚོད་ཀྱང་མ་ཤེས་པར་འགྲོ་བ་ཡིན་གསུངས་པས། ཁོས་ཨེན་ཅིག་བསམས་པས་ཁོང་སྙིང་མ་དགའ་ལོ་སྐད་པ་ལ་སྣར་ཐང་པ་འགྲོ་སྟོན་གྱི་ཞལ་ནས། དངོས་པོ་རང་ལ་དེ་ལྟར་དུ་འགྱུར་བ་ཡིན་ཏེ་འོ་སྐོལ་གྱིས་དེ་ཡེ་མ་གོ་གསུངས། དེ་ལྟར་བསམས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ལ་ཡིད་ཆེས། དེ་ཡང་རྒྱུ་སེར་སྣ་ལས་བྱུང་བར་ཡིད་ཆེས་ན་རང་གི་ཤ་ཡང་བཅད་ཅིང་སྦྱིན་པར་གཏོང་ཕོད་ན། ཕྱི་རོལ་གྱི་དངོས་པོ་གཞན་ལྟ་ཅི་སྨོས་པ་ཡོད་པར་གསུངས་ཞེས་ཤ་ར་བ་གསུང་གསུངས། དེ་ནས་དུད་འགྲོ་ཤས་ཤིག་ལ་དམྱལ་བ་རང་ལ་ཡང་དེ་ལས་ལྷག་པའི་སྡུག་བསྔལ་ཅང་ཡོད་དམ་སྙམ་པ་འདྲ་བ་མང་པོ་གསུངས་པ་དེ་ཐམས་ཅད་ཀྱང་ཞིབ་ཚགས་ནས་བསྒོམ་དགོས་པ་ཡིན་པས། དེ་ལ་སྤྱིར་དུད་འགྲོའི་རིགས་མི་འདྲ་བ་བྱེ་བ་སུམ་ཅུ་རྩ་བཞི་ཡོད་པར་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་བྱིངས་ན་གནས་པ་དང་ཁ་འཐོར་བ་གཉིས་སུ་འདུ་བ་ལས། བྱིངས་ན་གནས་པའི་དུད་འགྲོ་བྱ་བ་ཕྱིའི་རྒྱ་མཚོ་དང་གླིང་བར་གྱི་མུན་པ་ཀུན་ན་ཆང་འགགས་ཀྱི་སྦང་མ་ཙམ་དུ་མང་བ་ཡོད་པར་གསུངས། དུད་འགྲོ་ཁ་འཐོར་བ་སྐད་པ་འདོད་ལྷའི་གནས་ན་ཡོད་པ་དང་མི་དང་འགྲོགས་པ་འདི་ཀུན་ལགས་པར་གདའ་སྟེ། དེ་དག་སྤྱིའི་སྡུག་བསྔལ་གྱི་དབང་དུ་བྱས་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞེས་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་གྱུར། །གསུངས་པའམ། གླེན་ཞིང་གཏི་མུག་པས་ ཤེས་པ་མི་བཟང་ཏོམ་མེ་བྱས་ནས་དུས་གཏན་དུ་རི་ཆེན་པོས་མནན་པའི་ཚོད་དུ་ཡོད། ཚ་གྲང་ཀུན་ཡང་དམྱལ་བ་དང་འོལ་འདྲ། བཀྲེས་སྐོམ་ཀུན་ཡང་ཡི་དྭགས་དང་འོལ་འདྲ་ཡོད་པར་གསུངས། བྱེ་བྲག་གི་སྡུག་བསྔལ་བྱིངས་ན་གནས་པའི་དུད་འགྲོ་རྒྱ་མཚོའི་གཏིང་ན་གནས་པ་ཀུན་ཆུའི་ལྗིད་ཀྱིས་ནོན་པ་དང༌། སྟེང་ན་གནས་པ་ཀུན་ལ་ཡང་ཉི་མ་ཕོག་ཆེས་ན་ཚ་དམྱལ་ཙམ། ཉི་མ་མེད་པར་ལྷགས་པ་ཕོག་ཆེ་ན་གྲང་དམྱལ་ཙམ་གྱི་སྡུག་བསྔལ་ཡོད། གླིང་བར་གྱི་མུན་པ་ན་གནས་པ་ཀུན་ལ་རང་གི་ཡན་ལག་བརྐྱང་བསྐུམ་ཡང་རང་གིས་མི་མཐོང་བ་ལག་པས་བྲད་པ་རང་གི་ཤ་ལ་ཟིན་ནས་འབྲད་ཅིང་ཟ་བ་དང༌། གཅིག་གིས་གཅིག་ཟ་བ་ཆེ་བས་ཆུང་བ་མིད། ཆུང་བས་ཆེ་བ་ལ་འབྲད་ནས་ཟ་བ་སོགས་ཀྱི་སྡུག་བསྔལ་དཔག་ཏུ་མེད། ཀླུ་ཀུན་ལ་ཡང་ནམ་མཁའ་ལྡིང་གི་གནོད་པ་དང༌། རིན་པོ་ཆེ་མེད་པ་ལ་ཉིན་རེ་བཞིན་བྱེ་ཚན་གྱི་ཆར་ལན་བདུན་བདུན་འབབ་པའི་སྡུག་བསྔལ་ཡོད་སྐད། ཁ་འཐོར་བའི་བྱ་བྱི་དང་རི་དྭགས་ཀུན་ལ་ཡང་ནམ་མཁའ་ལྡིང་གི་གནོད་པ་དང༌། རང་དང་རིགས་མཐུན་ཙམ་མ་གཏོགས་གཞན་ཐམས་ཅད་དགྲར་ལངས་པ་འདྲ་བའི་འཇིགས་སྐྲག་གི་སྡུག་བསྔལ་དང༌། མི་དང་འགྲོགས་པ་འདི་ཀུན་ལ་ཡང༌། དབང་མེད་གཞན་དག་བརྡོག་པ་ལག་པ་དང༌། །བཅག་དང་ལྕགས་ཀྱུ་བརྡབ་པས་བཏབ་སྟེ་བཀོལ། །གསུངས་བ་བཞིན་དུ། ངལ་ན་ངལ་དབང་མེད་ཆད་ན་ཆད་དབང་མེད་པར་བཀོལ་ཞིང༌། བཟའ་བཏུང་ཐམས་ཅད་མིའི་ལག་ཏུ་རག་ལས་པས་རང་ལ་རང་དབང་མེད་པ་དང༌། བརྡེག་འཚོག་ཀུན་ཀྱང་བེམ་པོ་ལ་བྱེད་པ་ལྟར་བྱེད་པ་མིས་འཚེ་བའི་སྡུག་བསྔལ་དང༌། ཁོང་རང་ནང་གིས་འཚེ་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། དུད་འགྲོའི་རིགས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ཡིན། དེ་དག་གི་ཚེ་ཚད་ལ། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །བྱ་བ་ཀླུའི་རྒྱལ་པོ་ཀུན་གྱི་ཚེ་བསྐལ་པ་ཙམ་ཐུབ་པ་དང༌། དུད་འགྲོ་ཚོ་ཅིག་ཚེ་ཟད་པ་ལས་མ་ཟད་པའི་ཉི་མ་རེ་རང་ལ་ཡང་ལུས་འདི་ཉིད་ལན་གསུམ་གསུམ་ཙམ་ལེན་དགོས་པ་དྲན་པ་ཉེར་གཞག་ནས། རྟ་རྒན་གྱི་སྒལ་བའི་འབུ་ཀུན་དེར་སྐྱེས་མ་ཐག་བྱ་རོག་གིས་ཟོས་ཏེ་ཤི། ཡང་སྒལ་བའི་འབུ་དེ་ཉིད་དུ་སྐྱེས། དེ་ཡང་བྱ་རོག་གིས་བཏོན་ནས་ཟོས་ཤིང་ཤི་བ་ཡང་དེ་ཉིད་དུ་སྐྱེ་བར་གསུངས་པ་ལྟ་བུ་ཚེ་ཤིན་ཏུ་ཐུང་བ་དང༌། དེ་དག་གི་བར་མ་ལོ་ཟླ་ཉིན་ཞག་ཅི་རིགས་སུ་ཐུབ་པ་སོགས་ཚེ་ཚད་མཐའ་གཅིག་ཏུ་ངེས་པ་མེད་ཀྱང༌། སྡེངས་དམའ་བ་གསུངས་པ་བཞིན་དུ་རིང་ན་རིང་བས། ཐུང་ན་ཐུང་བས་སྡུག་བསྔལ་ཏེ། ཇི་སྲིད་འཚོའི་བར་ལ་སྡུག་བསྔལ་རང་ཆས་ཀྱི་ཁར་དེ་ནས་མི་ལུས་ཐོབ་པ་ཡང་མི་འཕྱེའ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྐོར་ཐུབ་པ་བས་དཀའ་བར་གསུངས་པའི་སྡུག་བསྔལ་དེ་ཀུན་རང་ཐོག་ཏུ་བབས་ན་བཟོད་པའི་གླགས་མེད་པར་བསམ། དེ་ལྟར་བསམས་པས་འབྲས་བུ་ལ་ཡིད་ཆེས་པ་ན་དེ་དག་རྒྱུ་གང་ལས་བྱུང་བ་དང་ཚུལ་ཇི་ལྟ་བུར་རྨོངས་པ་བསམ་སྟེ། དེ་ཡང་ཤ་ར་བའི་ཞལ་ནས། དེ་དག་ཐམས་ཅད་རྒྱུ་མེད་དུ་མ་བྱུང༌། བྱེད་པ་པོས་མ་བྱས། མི་མཐུན་པའི་རྒྱུ་ལས་མ་བྱུང་སྟེ། ལས་ཀྱི་འབྲས་བུ་ཡིན་པ་དང༌། དེ་ཡང་དགེ་མི་དགེའི་ལས་ཀྱི་འབྲས་བུ་བདེ་སྡུག་སོ་སོར་འབྱུང་ལ། དགེ་སྡིག་གི་བྱེ་བྲག་མི་འདྲ་བ་ལས་བདེ་སྡུག་གི་བྱེ་བྲག་མི་འདྲ་བ་སོ་སོར་འབྱུང་བས་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང༌། དེ་ཡང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་རང་གི་ཕུང་པོའི་རྒྱུ་འདི་ཉིད་ལ་སྨིན་པས་ན་ལས་བདག་གིར་བྱ་བའི་མཚན་ཉིད་དེ། གསོག་པོ་བྱང་རྒྱལ་ན་རེ། ཉེས་པ་བྱེད་བྱེད་པའི་ལྕེ་ནི་འདིར་འདྲུལ། ཕ་རོལ་ཏུ་ཉེས་མེད་ཀྱི་ལྕེ་ལ་ལས་ཡོང་དོན་མེད་ཟེར་ཏེ། རྣམ་པར་ཤེས་པའི་རྒྱུན་གང་གིས་བདག་ཏུ་བཟུང་བའི་རྟེན་དེས་ལས་བྱས་པ་དེ་ཕྱིས་ལུས་གང་དུ་བླངས་པ་དེ་ལ་སྨིན་པ་ཆོས་ཉིད་ཡིན་པས། ལུང་ལས་དགྲ་བཅོམ་པ་ཞིག་ངའི་ལག་གུ་གསུང་གིན་ཕྱག་གཡས་པ་ལ་ཤིན་ཏུ་གཅེས་སྤྲས་སུ་བྱེད། རྒྱུ་དྲིས་པས་སྔོན་གཞན་གྱི་བུད་མེད་ལ་ལག་པས་བཟུང་བ་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེས། ད་རེས་གཅིག་པུ་ལག་པ་ཅན་དུ་སྐྱེས་པ་ཡིན་གསུངས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་འཛའ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ན། གཉེན་པོས་མ་བཅོམ་ཞིང༌། འབྲས་བུ་མ་ཕྱུང་གི་བར་དུ་ལས་ཆུད་མི་འཛའ་བའི་མཚན་ཉིད་དང༌། དེ་ཡང་ཤིང་ནྱ་གྲོ་དྷ་དང་དེའི་ས་བོན་བཞིན་ནམ། ཨ་ཤྭ་སྠ་དང་དེའི་ས་བོན་བཞིན་དུ་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བས་ན་རྒྱུ་འབྲས་འཕེལ་ཆེ་བའི་མཚན་ཉིད་དེ། འཕེལ་ཆེ་བ་ནི་སྔར་བསྟན་པ་དེ་ཀུན་ཡང་ཡིན་ལ། བསྙེན་གནས་གཙང་མ་ཉིན་ཞག་གཅིག་བསྲུངས་པས་མིའམ་ལྷའི་ཚེ་གཅིག་ཏུ་ཐོབ་པར་གསུངས་པ་ཀུན་དང༌། དུད་འགྲོ་གཅིག་བསད་པས་ཡང་སོས་སུ་སྐྱེ་བར་གསུངས་པ་དག་སྟེ། དེའི་ཉིན་ཞག་གཅིག་ལ་ཡང་མིའི་ལོ་ས་ཡ་ཕྲག་དགུ་ཡོད་པར་གསུངས་ལ། སྡོམ་པ་ཁས་བླངས་པས་ཉེས་བྱས་ཕྲ་མོ་གཅིག་ཁྱད་དུ་བསད་པས་ཀྱང་དེའི་ཉིན་ཞག་གཅིག་གི་སྡུག་བསྔལ་འབྱུང་བར་གསུངས་པས་དེ་རྣམས་རེ་རེ་ལ་ཡང་སྦྱར་ལ་སྒོམ། དེ་ཡང་དྲན་པ་ཉེ་བར་གཞག་པ་ལས། དགེ་སློང་ལས་ཀྱི་འབྲས་བུ་ལ་མཁས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བལྟས་ན། ཞེས་པ་གསུངས་པ་ལས། ད་ལྟ་རང་ཅག་ལ་མངོན་ཤེས་མེད་པས། དེ་བཞིན་གཤེགས་པའི་ལུང་ཁོ་ན་ཚད་མར་བྱས་ནས་སྒོམ་དགོས་པ་ཡིན་གསུངས་པ་བཞིན་དུ་ལུང་གི་རྗེས་སུ་དཔག་པ་ལ་བརྟེན་ནས་བདེ་སྡུག་ལས་ཀྱི་འབྲས་བུ་ཡིན་པ་ལ་སོགས་པ་ཉིད་དུ་ཡིད་ཆེས་པར་བྱས་ལ། ངན་འགྲོའི་རྒྱུ་སྤང་ཞིང་བདེ་འགྲོའི་རྒྱུ་སྒྲུབ་སྟེ། དེ་ལ་ཕྱིར་སྤང་བྱ་ངན་འགྲོའི་རྒྱུ་ནི་མདོ་ལས། སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །བྱ་བ་མི་དགེ་བའི་ལས་ལྷག་མ། མ་བྱིན་ལེན། འདོད་ལོག བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བ། བརྣབ་སེམས། གནོད་སེམས། ལོག་ལྟ་ཀུན་ལ་ཡང་སྦྱར་གྱིན་གསུངས་པའི་མི་དགེ་བའི་ལས་བཅུ་པོ་དེ་རྣམས་ཆེར་སྤྱད་པས་དམྱལ་བ་དང་འབྲིང་དུ་སྤྱད་པས་ཡི་དྭགས་དང༌། ཆུང་ངུ་སྤྱད་པས་དུད་འགྲོར་སྐྱེ་བའམ། མི་དགེ་བའི་ལས་ཀུན་ནས་སློང་བྱེད་ཀྱི་དུག་གསུམ་ལ་ལྟོས་ནས། རིན་པོ་ཆེའི་ཕྲེང་བར། ཞེ་སྡང་གིས་ནི་དམྱལ་བར་འཕེན། །ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ། །བགྱི་བ་ཡང་གསུངས། བྱེ་བྲག་གི་རྒྱུ་ལ་དྲན་པ་ཉེ་བར་བཞག་པ་ནས། སྲོག་གཅོད་པས་ཡང་སོས། དེའི་སྟེང་དུ་མ་བྱིན་པར་བླངས་པས་ཐིག་ནག་ནས་ཐ་མ་ལོག་པར་ལྟ་བས་མནར་མེད་དུ་སྐྱེ་བར་འགྱུར་བའི་བར་དང༌། གཞན་ཡང་ཆང་འཐུང་བ་དང་རང་ངམ་གཞན་སྡོམ་པ་དང་བྲལ་བར་བྱས་པ་དང་མཚམས་མེད་པ་བྱས་པ་ཀུན་ཀྱང་རིམ་པ་བཞིན་དུ་ངུ་འབོད་དང༌། ཚ་བ་དང་མནར་མེད་དུ་སྐྱེ་བར་ཡང་གསུངས་ཤིང༌། དགེ་འདུན་བཞུགས་པ་དང་གཤེགས་པའི་ཕྱོགས་སུ་མི་གཙང་བ་དོར་བས་རོ་མྱགས་ཀྱི་འདམ་དུ་སྐྱེ་བ་སོགས་འཁོར་ལྷག་པ་བཅུ་དྲུག་ཏུ་སྐྱེ་བའི་རྒྱུ་དང༌། སེམས་ཅན་གང་ཡང་རུང་བའམ། ཁྱད་པར་དུ་སྡོམ་པ་དང་ལྡན་པའི་གོས་འཕྲོག་པ་དང༌། ཆོས་ཀྱི་ཁང་པ་འཇིག་པ་དང༌། འཕགས་པ་ལ་སྐུར་བ་འདེབས་པ་ལ་སོགས་པ་གྲང་དམྱལ་དུ་སྐྱེ་བའི་རྒྱུ་ཡང་དཔག་ཏུ་མེད་པ་ཞིག་གསུངས་ལ། ཕ་རོལ་ཏུ་ཕྱིན་པ་ལས་ནི་ཆོས་སྤངས་པ་ཁོ་ན་སྡིག་ཆེ་བས་མནར་མེད་ཀྱི་རྒྱུར་གསུངས་པ་དང༌། གསང་སྔགས་ཀྱི་ཐེག་པ་ནས་བླ་མ་དང་དམ་ཚིག་ཉམས་པ་ཁོ་ན་སྡིག་ཆེ་བས་རྡོ་རྗེའི་དམྱལ་བའི་རྒྱུར་བཤད་པའང་བཞུགས་ཤིང༌། ཤ་ར་བའི་ཞལ་ནས། ཉི་ཚེ་བ་གཙུག་ལག་ཁང་དང་རབ་ཏུ་བྱུང་བ་མེར་འབར་བར་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པ་ནི་ད་ལྟ་བཟའ་མི་ནང་འཐབ་མོ་བྱེད་པ་ཀུན་ལགས། སྡེ་འཁྲུག་བྱས་ན་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ད0ོན་བྱས་པའམ། ས་ཕྱོགས་ཞེ་ཕྱོགས་གཉིས་ཀ་བྱས་པའམ། གང་རུང་རེ་བྱས་པའམ། ཐ་ན་ས་གཞི་དེ་ལ་བྱ་བྱིའུ་ཤི་བ་ཚུན་ཆོད་མནར་མེད་དུ་ཡང་སྐྱེ་བར་གསུང་གསུངས། ཡི་དྭགས་སུ་སྐྱེ་བའི་བྱེ་བྲག་གི་རྒྱུ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དེ་ལྟར་ཡི་དྭགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེའི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །གསུངས་པ་བཞིན་དུ་འཇུངས་པ་ལ་དགའ་བས་གཞན་སྦྱིན་པ་གཏོང་བའི་བར་ཆད་བྱས་པ་དང༌། རང་གི་ལོངས་སྤྱོད་ལ་ཆགས་པའི་སེར་སྣ་བྱེད་པ་དང༌། གཞན་ཡང་ཡུལ་ཁྱད་པར་ཅན་གྱི་འཚོ་བ་ཕྲོགས་པ་དང༌། དགེ་འདུན་གྱི་ཀ་ཆ་མ་གནང་བར་ཁྱེར་བ་དང༌། དགེ་འདུན་འདུ་བའི་སྒོ་ཕྲོགས་པ་དང༌། དགེ་འདུན་གྱི་འཚོ་བའི་ཕུད་ཉམས་པར་བྱས་པ་དང༌། ཟས་འབགས་པ་མི་ཟ་བ་ལ་འབགས་པ་བྱིན་པ་དང༌། བསྔོས་པ་བསྒྱུར་བ་ལ་སོགས་པ་རྣམས་ཀྱང་ཡི་དྭགས་སུ་སྐྱེ་བའི་རྒྱུ་ཡིན་པས་དེ་ཀུན་མ་སྤངས་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས་ཕྲ་མོའི་ཏིང་ངེ་འཛིན་དང་ལྡན་ཡང་ཡི་དྭགས་སུ་སྐྱེ་བའི་སྒོ་མི་ཁེགས་པ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པའི་གཏམ་རྒྱུད་བཞིན་ཞེས་ཤ་ར་བ་གསུངས་ཏེ། དེ་ཡང་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཉུང་ཀར་འབྲུ་རེའི་ནང་དུ་ཞལ་གསུམ་ཕྱག་དྲུག་པ་སྒོམ་ཤེས་པ་ཞིག་གིས་ང་ཏིང་འཛིན་འདི་ལྟ་བུ་དང་ལྡན་པ་ཡིན་པས་ལས་ཕྲ་བ་འདིས་མི་གནོད་སྙམ་ནས་དགེ་འདུན་གྱི་འབྲས་དྲུས་པའི་ཕུབ་མ་ཞིག་ལ་མ་གནང་བར་སྤྱད་པས་ཡི་དྭགས་སུ་སྐྱེས་ཏེ་དགོན་པ་ཞིག་ན་སྒོམ་ཆེན་ཞིག་ཡོད་པའི་གཏོར་སྡེར་ལ་གནས་བཅས་ནས་ཡོད་པ་ལ། དུས་ཤིག་གི་ཚེ་སྒོམ་ཆེན་དེ་གྲོང་གཞན་དུ་ཞག་འགའ་རྒྱུས་ཏེ་དགོན་པར་ལོག་ནས་མལ་དུ་བསྡད་ཙ་ན་མདུན་དུ་ཞལ་གསུམ་ཕྱག་དྲུག་ཅན་གྱི་གཟུགས་ཤིག་བྱུང་ནས་ཁྱོད་མེད་ཀྱི་རིང་ལ་ལྟོགས་པས་གཏོར་མ་མྱུར་དུ་བྱིན་ཟེར་བ་ལ། རྒྱུ་དྲིས་པས། ལས་ཚུལ་བསམ་གྱིས་མི་ཁྱབ་པར་འདུག་པས། ང་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཕྲ་མོའི་ཏིང་ངེ་འཛིན་བརྙེས་པ་ཞིག་ཡིན་ཏེ། ངས་དགེ་འདུན་གྱི་འབྲས་ཕུབ་ཅིག་ལ་མ་གནང་བར་ལོངས་སྤྱད་པས་ཡི་དྭགས་སུ་སྐྱེས། ཁྱོད་ལ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཅིག་འདུག་པས་ཁྱོད་ཀྱིས་གཏོར་མ་དེ་ང་ལ་ཕན་པ་བྱུང་བས་ད་ལྟོགས་ཀྱིས་གཏོར་མ་མྱུར་དུ་སློང་ཟེར་སྐད་དེ། གཏམ་རྒྱུད་འདི་ཇོ་བོའི་བཀའ་ལུང་ལགས་པར་གདའ། དུད་འགྲོར་སྐྱེ་བའི་བྱེ་བྲག་གི་རྒྱུ་ནི། དགེ་བའི་བཤེས་གཉེན་མ་བསྟེན་པ། དམ་པའི་ཆོས་མ་ཉན་པ། དཀོན་མཆོག་གསུམ་གྱི་རྟེན་དང་ཕྲད་ཀྱང་དེ་དག་ལ་དད་པའི་སེམས་མ་སྐྱེས་པ་རྣམས་ཡིན་པར་གསུངས་ཤིང༌། ངག་གི་ཁ་ན་མ་ཐོ་བ་ཕྲ་མོས་ཀྱང་དུད་འགྲོར་སྐྱེ་བའི་རྒྱུ་བྱེད་པ་སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་མཁན་བུ་ཞིག་གིས་མཁན་པོ་ལ་སྤྲེའུ་འདྲའོ་བྱས་པས་སྐྱེ་བ་ལྔ་བརྒྱར་སྤྲེའུ་ནས་སྤྲེའུར་སྐྱེས་པ་དང༌། བཙུན་མ་གཅིག་གིས་གཅིག་ལ་ཁྱི་མོ་བྱས་པས་ཁྱིའི་སྐྱེ་བ་ལྔ་བརྒྱར་སྐྱེས་པ་ལྟ་བུ་དང༌། གཞན་ཡང་སྐོམ་ནས་ཤི་བ་ཆུ་ནང་གི་དུད་འགྲོར་སྐྱེས་པ་དང༌། བསྲུང་སྡོམ་མ་དག་པ་དང་སྨོན་ལམ་མ་དག་པ་དང་དགེ་འདུན་གྱི་རྫས་ལ་སྤྱད་པས་ཀླུར་སྐྱེས་པར་བཤད་པ་ཡང་ཡོད་གསུངས་ཏེ། མདོར་ན་རྒྱུ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སྐད་པ་དེ་སྔར་བསྟན་པ་བཞིན་དུ་ངན་འགྲོའི་གནས་གང་ཡང་རུང་བ་ཞིག་ཏུ་འབྱིན་པ་ལགས་པར་གདའ་བས་རིན་པོ་ཆེའི་འཕྲེང་བར་ཡང༌། མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱི་དང་པོ་ངན་འགྲོའོ། །བགྱི་བ་གསུངས། དེ་ནས་བརྒྱ་ལ་མིར་སྐྱེས་པ་ཡིན་ན་ཡང་རྒྱུ་མཐུན་གྱི་འབྲས་བུ་སྐད་པ། མདོ་ལས། སྲོག་བཅད་པའི་རྒྱུ་མཐུན་གྱི་འབྲས་བུ། བརྒྱ་ལ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་གྲུབ་སྟེ། ཚེ་ཐུང་བ་དང་ནད་མང་བའོ། །བགྱི་བ་ལ་སོགས་པ་མི་དགེ་བཅུ་ཆར་ལ་རེ་རེ་གཉིས་གཉིས་སུ་གསུངས་པ་ཀུན་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་ཕྲེང་བར་བསྡུས་ནས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །རྐུ་བ་ཡིས་ནི་ལོངས་སྤྱོད་འཕོངས། །བྱི་བོ་བྱས་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུང་བ་ཡིས་བློ་འཁྲུལ་ཏེ། །མ་བྱིན་ལེན་པས་དབུལ་བ་ཉིད། །ལོག་པར་འཚོ་བས་བསླུས་པ་སྟེ། །ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །ཅེས་གསུངས་པ་ལྟ་བུ་མྱོང་བ་རྒྱུ་མཐུན་དང༌། བྱེད་པ་རྒྱུ་མཐུན་བྱ་བ་དེ་ཙ་ན་ཡང་སྔོན་གྱི་གོམས་སྟོབས་ཀྱིས་སྲོག་གཅོད་པ་ལ་དགའ་བ་ནས། ལོག་ལྟ་འཛིན་པ་ལ་ཤིན་ཏུ་དགའ་བའི་བར་དུ་ཡོང་བར་གསུངས། དབང་གི་འབྲས་བུ་སྐད་པ་གང་ན་སྣོད་ཀྱི་འཇིག་རྟེན་རྩུབ་པ་དང༌། ལོ་ཏོག་མི་སྨིན་པ་དང༌། འདམ་དང་དྲི་མ་ཅན་དང༌། ཡུལ་ངན་པ་ལ་སོགས་པ་ག་ན་ངན་དགུ་ཞིག་ཏུ་སྐྱེ། དེ་ལྟར་དུ་རྒྱུ་དགེ་བ་དང་འབྲས་བུ་བདེ་བས་འཕོངས་པ་དེ་ལ་མི་དགེ་བའི་ལས་ཀྱི་བྲལ་བའི་འབྲས་བུ་དང༌། དེ་དག་གི་དོན་མཐོང་ཆོས་སུ་འབྱུང་བ་དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཟེར་བ་ཡིན་ཞེས་སྤྱིལ་བུ་བས་གསུངས་ཏེ། དེ་ཀུན་ལ་ཡིད་ཆེས་པ་ཡང་ཤ་ར་བ་གསུངས་པ་བཞིན་དུ་ལན་ཅིག་ངེས་པ་འདྲ་བ་ཨེན་རེ་བྱུང་བས་མི་ཕན་དུས་རྟག་ཏུ་བསྒོམས་པས་སྔར་བསྟན་པ་བཞིན་དུ་འགྲོ་བ་མ་ཡིན་པ་བཞིས་སྡིག་ཕྲ་ཡི་ཕྲ་བ་ཡང་ཁྱད་དུ་མི་གསོད་པར་སོང་ཙ་ན་རྒྱུ་འབྲས་ལ་ཡིད་ཆེས་པ་ཡིན་པས། དེ་ཙམ་དུ་མ་སོང་གི་བར་ཡེངས་མེད་པར་བསྒོམ་དགོས། ཅུང་ཟད་ཡེངས་མ་ཐག་ཏུ་ལྷོད་ལྷོད་ཆ་བ་ཡིན། དེ་ལྟར་བསྒོམས་པས་སྡིག་པ་སྤང་བ་ཡང་ཤ་ར་བའི་ཞལ་ནས། བཤེས་པའི་སྤྲིང་ཡིག་ཏུ། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་གསུངས་པ་བཞིན་དུ་དང་པོར་ཆེན་པོ་རྣམས་སྤོང་དགོས་པ་ཡིན། ཆེན་པོ་སྤོང་ཆུང་ངུ་ཁྱད་དུ་གསོད་པ་ཡང་མིན། མཐར་ཕྲ་མོ་ཐམས་ཅད་ཀྱང་བསྤོང་དགོས་པ་ཡིན། ཕྲ་མོ་རྟག་ཏུ་ཁྱད་དུ་བསད་ན་དེ་ཉིད་རྟག་ཏུ་བྱས་པ་ལ་སོགས་པས་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ཏེ། རང་ཅག་ལ་ད་ལྟ་ཆེན་པོ་ཐམས་ཅད་འདུས་པ་བཞིན་ཡོང་བར་སྣང༌། གཞན་ཐམས་ཅད་མ་ཚང་ཡང་ཉེས་བྱས་ཕྲ་མོ་གཅིག་དུས་རྟག་ཏུ་ཁྱད་དུ་བསད་ན་ཡང་ཆེན་པོར་གསུངས་ཏེ། རང་ཅག་ལག་ཉ་གཅིག་པུ་ཁྱད་དུ་བསད་པས་ཀྱང་དམྱལ་བར་སྐྱེས་ཟིན་པའི་ཚོད་དུ་འདུག །འདུལ་བ་ལ་སྦྱངས་པ་དང་ཆེར་གསོལ་བ་ཀུན་གྱིས་ཀྱང་སྔོན་གྱི་བགྲེས་པོ་ཀུན་གྱི་ལག་ལེན་ཐམས་ཅད་སུན་ཕྱུང་ནས་རང་རེ་ལག་ཉ་ལ་ནོམ་ནོམ་འཇུ། ཉི་མ་རེ་རང་ལ་ཡང་ལག་ཉའི་ཉེས་པ་ཉི་ཤུ་སུམ་ཅུ་ཚོད་རེ་འོང༌། ཞིང་ཁྱད་པར་ཅན་ལ་བརྟེན་པའམ་རྟག་ཏུ་བྱས་པར་མི་འདུག ལན་གཅིག་ཙམ་སྤྱད་པ་ཡིན་ཡང་ཉོན་མོངས་པ་ཆགས་སྡང་དྲག་པོས་བསླང་ན་མངོན་པར་ཞེན་པས་ཆེན་པོ་ཞེས་བྱ་སྟེ། ད་ལྟ་ཉོན་མོངས་པ་ཐམས་ཅད་ཀྱང་དྲག་པོ་ཁོ་ནར་སྐྱེ་བའི་དུས་ཡིན། གཞན་གསུམ་མ་ཚང་ཡང་གཉེན་པོ་མེད་པའི་ལས་ཐམས་ཅད་ཆེན་པོར་གསུངས་ཏེ། གཉེན་པོ་སྟོབས་བཞིས་སྡིག་པ་ཟིལ་གྱིས་གནོན་ནུས་པ་ཡང་དཀའ། གཞན་ཐམས་ཅད་མ་ཚང་ཡང་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་མམ་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གང་ཟག་ཁྱད་པར་ཅན་དང༌། གཙོ་བོའི་ཞིང་ཕ་མ་ལ་སོགས་པ་དང༌། གཉིས་ཀར་འདུག་པའི་མཁན་སློབ་ལ་སོགས་པ་ལ་བརྟེན་པ་ཐམས་ཅད་ཆེན་པོར་གསུངས་ཏེ། རང་ཅག་ལ་སྡིག་བསགས་པའི་ཡུལ་དེ་རྣམས་ལས་མེད་པ་ལྟ་བུར་འདུག ཡོན་ཏན་གྱི་ཞིང་ལ་དགེ་སྡིག་གཉིས་ཀ་ཆེན་པོར་འགྱུར་བ་དད་པའི་སྟོབས་བསྐྱེད་པ་ལ་སོགས་པའི་མདོ་ལས་དགེ་བསྙེན་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའི་བར་དུ་སྦྱར་བའི་འགྱུར་ཁྱད་གསུངས་པ་དེ་ཀུན་བཞིན་དུ་ཡིན། མི་དགེ་བ་ལ་སྦྱར་བ་དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་ཏེ། ཉི་མ་རེ་ལ་ལྷ་ཕྱག་རེ་རེ་དུས་རྟག་ཏུ་འཚལ་ན་ཡང་དེ་ཉིད་རྟག་ཏུ་བྱས་པས་ཆེན་པོར་འགྱུར། དད་པ་དྲག་པོས་བསླང་བའི་དགེ་བ་ཐམས་ཅད་ཀྱང་ཆེན་པོར་འགྱུར། གཉེན་པོ་སྡིག་པས་ཟིལ་གྱིས་མ་མནན་པའི་དགེ་བ་ཐམས་ཅད་ཀྱང་ཆེན་པོར་འགྱུར་རོ། །ཞིང་སྔ་མ་དག་ལ་བརྟེན་པའི་དགེ་བ་ཐམས་ཅད་ཀྱང་ཆེན་པོར་འགྱུར། དེ་བཞིན་དུ་ལས་འབྲས་སྒོམ་པ་ཡང་དེ་བཞིན་གཤེགས་པའི་གསུང་ཁོ་ན་ལ་བརྟེན་དགོས་ཏེ། ལས་དང་འབྲས་བུའི་ཆེ་བ་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་གྱིས་མི་ཤེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་གཏམ་རྒྱུད་བཞིན་དུ་ཡིན་ཏེ། དེ་ཡང་ཁྱིམ་བདག་དེ་རབ་ཏུ་བྱུང་ན་ཚེ་དེ་ལ་འབྲས་བུ་འཐོབ་པའི་རྒྱུ་ཁྱིམ་བདག་དེ་སྐྱེ་བ་དཔག་ཏུ་མེད་པའི་སྔ་རོལ་ཏུ་ཕག་ཅིག་ཏུ་སྐྱེས་པའི་ཚེ་ཁྲོན་ཟོས་ནས་ཕྲུགས་པས་མཆོད་རྟེན་གྱི་སེར་ཁ་སུབས་པའི་དགེ་བ་ཡོད་པ་དེ་བཅོམ་ལྡན་འདས་ཁོ་ནས་མཁྱེན་པ་ལས་གཞན་ཉན་ཐོས་ཆེན་པོ་ཀུན་གྱིས་རང་གི་མངོན་ཤེས་ཀྱི་མཐུ་ཅི་ཡོད་པས་བརྟགས་ཀྱང་མ་ཤེས་པ་བཞིན་དུ་ཡིན་པས། བླ་མའི་མན་ངག་གིས་འཕྲིག་བཙུག་གིན་མདོ་སྡེ་ལྟ་བ་ལ་བརྩོན་པར་བྱས་ནས་དུས་རྟག་ཏུ་ལས་འབྲས་འདི་ཁོ་ན་བསམ་པ་གལ་ཆེ། འདི་ལ་ངེས་པ་སྐྱེས་པས་ཙབ་ལིང་བ་ཁ་ཅིག་བྱུང་ན་གཞན་ཐམས་ཅད་ཀྱི་གཞི་,ིངས་པ་འདྲ་བ་ཞིག་ཡོང༌། ཇོ་བོ་དང་དགེ་བཤེས་སྟོན་པ་བཀའ་དྲིན་ཆེ་བྱ་བ་ཡང་ལས་འབྲས་ལ་རྩེས་ཆེ་བར་མཛད་པ་འདི་ཡིན། ཁམས་པ་ལུང་པ་ཡན་ཆད་ལ་གཞན་དང་ཨེན་ཅིག་མི་འདྲ་བ་ཞིག་བྱུང་བ་དེ་ཡང་ལས་འབྲས་ལ་རྩེས་ཆེ་བར་མཛད་པ་ལས་བྱུང་བ་ཡིན། དེ་མན་བཤད་པ་མཁས་པ་དང༌། མཐུ་རྩལ་ཆེ་བ་དང༌། ལྟ་བ་བཟང་བ་དང༌། མན་ངག་ཆེ་བ་དང༌། མཚན་ཉིད་ལ་སྦྱངས་པ་དང༌། མ་རྒྱུད་སྐོར་གསུམ་ལ་བརྟེན་པ་ལ་སོགས་པ་གཞན་ན་ཡང༌། ད0ོན་ཆོས་ཀྱི་རྒྱལ་པོ་ན་རེ། རྭ་སྒྲེང་བ་ལ་ལས་འབྲས་དང་བསྲུང་སྡོམ་ལ་རྩིས་ཆེ་བར་བྱེད་པ་ཞིག་ཡོད། འདི་གཞན་དང་ཁྱད་ཡིན་ཟེར་རོ། །དེ་བཞིན་དུ་ཡིན། འདི་ཁོ་ན་མཐའ་རིང༌། ཉམས་སུ་བླང་བར་ཡང་དཀའ། ཕྲ་ཞིང་ཟབ་པ་ཡིན་པས། སྔོན་དགེ་བཤེས་སྟོན་པ་ལས་འབྲས་ལ་ཨེན་ཅིག་གཡེལ་བ་གཟིགས་ཙ་ན། ཇོ་བོ་སྙིངས་ཁམས་ཆེར་མི་རུང༌། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཁོ་ན་ཟབ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཁོ་ན་ཕྲ་གསུངས། འདིའི་ཕྱིར་མ་འཚལ་ནས་ཞུ་བ་ཀུན་ལ་ཡང་བཤགས་ཀྱིས་འཇམ་མལ་ལེར་བྱས་ཀྱང་རྟེན་འབྲེལ་གྱི་གནས་བཤགས་ཀྱིས་མི་འགྱུར་གསུངས། སྟོང་པ་ཉིད་དང་ལྟ་བ་ལ་རེ་ཆེ་བ་ཀུན་ལ་ཡིན་པ་དེ་ཁོ་ན་བཞིན་དུ་ཡིན་གྱི། མེ་དང་ལག་པ་གཉིས་ཀ་དངོས་པོ་ལ་ཡང་སྟོང་པ་ཡིན། ཡིད་ཀྱིས་ཀྱང་དེ་བཞིན་དུ་སྒོམས། ཚིག་ཏུ་ཡང་དེ་བཞིན་དུ་བརྗོད་ལ་ལག་པ་མེར་ཆུག་དང་སྟེ། དེ་ཀུན་གྱིས་མི་ཕན། དེ་གཉིས་སྲེག་བྱ་བསྲེག་བྱེད་ཡིན་པས་ལག་པ་མེས་འཚིག་པ་ཆོས་ཉིད་ཡིན་གསུང་བར་གདའ། ལྟ་བ་སློབ་དཔོན་ཟླ་གྲགས་ལས་ཟབ་པ་མེད་དེ། ཤེས་བྱས་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་རྟོག་པར་ནི། །རྒྱུ་དང་འབྲས་བུ་འགོག་པའི་དུས་ན་རང་གི་ཤེས་པར་གྱིས། །ཞེས་གསུངས། དེ་ལྟ་བདེན་པ་གཉིས་ཟེར་གྱི་ཁ་བཀང་གིས་ཟློ་སྟེ། དེ་པག་ན་ཨི་ཧོ་མ་ཅིག་ལ་ཟེར་བ་མིན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་འབྲས་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ལ། དེ་ཉིད། བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་པ་དང༌། ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མའི་སྐྱེ་བ་ལྟ་བུར་གཟིགས། །ཞེས་པའི་ཚུལ་གྱིས་རང་བཞིན་སྐྱེ་མེད་དུ་གནས་པ་ལ་དོན་དམ་པའི་བདེན་པ་ཞེས་བྱ་སྟེ་བདེན་པ་གཉིས་ཀྱང་རྒྱུ་འབྲས་ཀྱི་སྟེང་ན་འདུག་པ་ཡིན་གསུངས་ཤིང༌། གཞན་ཡང་དགེ་བཤེས་དེས་རང་ཅག་བློའི་རེ་ལྟོས་སུ་བྱས་ནས་སྡིག་པ་བྱས་ཀྱང་མི་གནོད་དམ་སྙམ་པའི་ཕུགས་ཐམས་ཅད་ཀྱང་བཅོམ་ཀྱིན་གསུངས་ཏེ། གཞན་ཆེད་དུ་བྱས་པས་མི་ལྟོའམ་སྙམ་པ་དང༌། དགེ་འདུན་གྱི་གཉེར་དང་བྱེད་པ་ཀུན་དགེ་འདུན་གྱི་ཆེད་དུ་ཡིན་པས་མི་ལྟོའམ་སྙམ་པ་དང༌། སློབ་དཔོན་གྱི་ཆེད་དུ་བྱས་པ་དང༌། བསོད་ནམས་ཀྱི་ལས་ཀ་བྱེད་པའི་ངོར་གནང་ངམ་སྙམ་པ་ཐམས་ཅད་ཀྱིས་ཀྱང་མི་ཕན་པ་བཤེས་སྤྲིངས་དུ། ཁྱོད་ཀྱིས་དགེ་སྦྱོང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང༌། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །གསུངས་པ་བཞིན་དུ་གཞན་ཆེད་དུ་སྡིག་པ་བྱས་པས་རང་དམྱལ་བར་སྐྱེས་ཙ་ན་དེ་ཀུན་ངེད་ཀྱི་ཆེད་དུ་བྱས་པ་ཡིན་པས་ཟེར་ནས་རྣམ་སྨིན་གྱི་སྐལ་བ་ལེན་དུ་མི་ཡོང་བས་ལས་བྱེད་པ་པོ་རང་གཅིག་པུས་སྡུག་བསྔལ་མྱོང་དགོས་པར་གསུངས་ཤིང༌། སྐྱེ་བོ་མང་པོ་འདུས་ནས་བྱས་པས་འབྲས་བུ་ཆུང་ངམ་སྙམ་ནའང༌། གྲོགས་མང་དག་དང་ལྷན་ཅིག་ཏུ། །འདུས་ནས་སྡིག་པ་བྱས་ན་ཡང༌། །དེའི་ལས་ཀྱི་འབྲས་བུ་ནི། །གཅིག་པུས་སྲིད་པ་སྲིད་པར་སྤྱོད། །ཅེས་པ་དང༌། དེ་ཙམ་དུ་ཡང་མ་ཟད། སླར་སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་ཉིད་དོ། །ཞེས་གསུངས་ཏེ། དེས་ན་སྣ་མོ་བ་ཡང་སྡེ་འཁྲུག་འདི་ཀུན་འཇིགས་གསུངས་སྐད། དེ་བཞིན་དུ་གཉེན་པོ་ལ་གནས་པས་མི་གནོད་དམ་སྙམ་ནའང༌། དེས་ཀྱང་མི་ཕན་པ་ལུང་ཀུན་ནས་ཉན་ཐོས་ཆེན་པོ་དག་གིས་ཀྱང་སྡིག་པའི་འབྲས་བུ་ཉམས་སུ་མྱོང་བ་མང་པོ་གསུངས། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་གསུངས་པའི་བྱང་ཆུབ་སེམས་དཔའ་དྲུག་བཅུ་པོ་དེ་བྱང་ཆུབ་ཀྱི་སེམས་གཤའ་མར་སྐྱེས་པ་ཉིད་དུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཟླ་འོ་ལ་བརྙེད་པ་དང་བཀུར་སྟིའི་རྒྱུས་གྲོང་པའི་ཆོས་ཀྱིས་བསྐུར་བ་བཏབ་པས་བསྐལ་པ་མང་པོར་ངན་སོང་གསུམ་དུ་སྐྱེས། དེ་ནས་དམུས་ལོང་ལ་སོགས་པའི་མི་ཐ་ཆད་རྣམས་སུ་ཡང་སྐྱེས། དུས་དེ་ན་ཡང་བྱང་ཆུབ་ཀྱི་སེམས་བརྗེད་ནས་བྲེ་མོའི་གཏམ་གྱིས་དུས་འདའ་ཡིན་འདུག་གོ་གསུངས། སྔར་བསྟན་པ་བཞིན་དུ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་དེ་ཀུན་ལ་ཏིང་ངེ་འཛིན་གྱི་རླབས་དེ་ཙམ་ཡོད་པ་ལ་ཡང་སྡིག་པ་ཕྲ་མོ་དེས་གནོད་པར་གསུངས། ད་ལྟ་འཕྲལ་དུ་ཉེས་དམིགས་མ་བྱུང་བས་ཕྱིས་ཀྱང་མི་འབྱུང་སྙམ་དུ་ཡིད་གཏན་དུ་ཡང་མེད་དེ། བཤེས་སྤྲིང་དུ། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང༌། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །ཞེས་གསུངས་པས། སྡིག་པ་ལ་གནང་བ་དང་མི་གནོད་པའི་སྐབས་མེད། མི་གནོད་པའི་དུས་ན་སྡིག་པ་བྱ་དོན་མེད་པར་འགྲོ་བ་ཡིན། དེས་ན་སྡིག་པ་གནོད་ཀྱི་རིང་ལ་སྡིག་པ་སྤངས་པ་ཁོ་ན་མན་ངག་ཡིན་ཞེས་གསུངས་ཤིང༌། བུད་མེད་ཅིག་གིས་ཆོས་ཞུས་པ་ལའང༌། ཆོས་ཀྱི་རྩ་བ་སྐྱེ་བ་ཕྱི་མ་ལ་ངན་སོང་གསུམ་དུ་མི་སྐྱེ་བར་བྱ་བ་གལ་ཆེ། ངན་སོང་གསུམ་དུ་སྐྱེ་བ་དེ་སྡིག་པ་ཆེན་པོས་སྐྱེས་ལ་ཆུང་ངུས་མི་སྐྱེ་བྱ་བ་མ་ཡིན། སྡིག་པ་ཆེན་པོས་ནི་ངན་སོང་གསུམ་གྱི་སྡུག་བསྔལ་དར་དྲག་ལ་ཡུན་རིང་བར་འགྱུར་ལ། སྡིག་པ་ཆུང་ངུས་ངན་སོང་གསུམ་དུ་སྡུག་བསྔལ་ཆུང་བའམ། ཡུན་ཐུང་བ་ཙམ་དུ་འགྱུར་བ་ཡིན། དེས་ན་དུས་རྟག་ཏུ་སྡིག་པ་མི་དགེ་བ་རང་གི་རྒྱུད་ལ་བྱུང་གི་དོགས་པས་ཤིན་ཏུ་འཇིགས་པར་བྱ་གསུངས་ཏེ། དེ་ལྟར་དུ་བྱེད་པ་ཡང་སྔོན་དགེ་བཤེས་ཆེན་པོ་པུ་ཏོ་བས་གཡོར་པོ་དར་གསོད་ལ། ཐེ་ཚོམ་ཚུན་ཆད་ཀྱིས་སྡིག་པ་ལས་ལོག་པས་བདེ་འགྲོའི་རྟེན་ཉི་ཚེ་སྐྱེ་བ་བརྒྱ་ཙམ་དུ་བརྒྱུད་ལ་དེའི་བར་དུ་ལས་འབྲས་ཉི་ཚེའི་བསྒོམས་པས་བདེ་སྡུག་ལས་ཀྱི་འབྲས་བུ་ཡིན་ངེས་སྙམ་པའི་ངེས་པ་གཤའ་མར་སྐྱེ་བ་ཞིག་བྱུང་ན་ཡང་ལས་དོན་མི་ཆུང༌། གསུངས་པ་བཞིན་དུ་ལས་དང་འབྲས་བུའི་ཆེ་བ་བསམ་པ་ཁོ་ན་ལ་རག་ལས་པས་ཤ་ར་བ་ཉིད་ཀྱི་ཞལ་ནས་ཀྱང་དགེ་མི་དགེའི་ལས་ལས་བདེ་སྡུག་གི་འབྲས་བུ་འབྱུང་བ། རང་ཅག་ད་ལྟ་ཟས་དང་སྨན་འཕྲོད་པ་དང་མི་འཕྲོད་པ་བསྟེན་པ་ལས་ཕན་གནོད་འབྱུང་བ་དང༌། ཕ་མ་མཉམ་པོའི་བུ་ཚ་ལ། ལ་ལ་ནི་ཁ་དོག་བཟང༌། ལ་ལ་ནི་ངན། དེ་བཞིན་དུ་བོངས་ཆེ་ཆུང་དང༌། ཤེས་རབ་ཆེ་ཆུང་དང༌།སྟོབས་ཆེ་ཆུང་དང༌། བགོ་སྐལ་མཉམ་པོར་ཕོག་པ་ལ་ཡང༌། ལ་ལ་ནི་ཡོ་བྱད་ཀྱིས་ཕོངས་པར་འགྱུར། ལ་ལ་ནི་ཕུན་སུམ་ཚོགས་པར་འགྱུར་བ་ལ་སོགས་པ་འདི་ཀུན་གྱི་ལུང་ལ་བརྟེན་ནས་ཀྱང་ཅུང་ཟད་དཔག་པར་ནུས་པ་ཡིན་པས། ཚུལ་སྣ་ཚོགས་ནས་བསམ་གྱིན་ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པར་བྱ་གསུངས་ཤིང༌། དེ་ལྟར་ངན་འགྲོའི་རྒྱུ་སྤངས་ནས་བདེ་འགྲོའི་རྒྱུ་སྒྲུབ་པ་ལ་དགེ་བཤེས་ཉིད་ཀྱི་ཞལ་ནས། ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པས་སྡིག་པ་ལས་ལོག་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་སོང་བ་དེ་ལ་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་སྦྱིན་པ་དང༌། བཟོད་པའི་གྲོགས་དང་བཅས་པས་འདོད་པའི་ཁམས་ཀྱི་བདེ་འགྲོ་ཐོབ་པར་གསུངས། སྦྱིན་པ་དང་བཟོད་པ་མེད་ན་ཚུལ་ཁྲིམས་ཀྱིས་བདེ་འགྲོ་ཙམ་ཐོབ་ཀྱང་ལོངས་སྤྱོད་དང་གཟུགས་བཟང་བའི་བདེ་བ་མི་འཐོབ་པས་འཁོར་བའི་བདེ་བ་མི་འོང་སྟེ་འཁོར་བའི་བདེ་བ་འཐོབ་པ་ལ་རྒྱུ་དེ་གསུམ་ཚོགས་དགོས། དེ་ནས་དེ་ཉིད་ཀྱི་བྱེ་བྲག་ཡོན་ཏན་བདུན་དང་ལྡན་པའི་མིའམ། བདག་དང་གཞན་གྱི་འབྱོར་བ་བཅུ་ཚང་བའམ། འཁོར་ལོ་བཞི་དང་ལྡན་པ་ཐོབ་པར་འདོད་ན་སྔ་མའི་སྟེང་དུ་དེ་དག་ཉིད་ཀྱི་རྒྱུ་གསུངས་པ་རྣམས་ལ་ནན་ཏན་བྱ་གསུངས་ཏེ། དེ་ཡང་ཡོན་ཏན་བདུན་ལ་མཚོན་ན་དང་པོ་ལོངས་སྤྱོད་ཆེ་བའི་རྒྱུ་གཙོ་ཆེར་མ་བྱིན་པར་ལེན་པ་སྤངས་ཤིང་སྦྱིན་པ་བཏང༌། གཉིས་པ་ནད་མེད་པའི་རྒྱུ་སེམས་ཅན་ལ་བརྡེག་བརྡུང་སྤང༌། ནད་པ་ལ་སྨན་དང་ཟས་འཕྲོད་པ་སྦྱིན། གསུམ་པ་གཟུགས་བཟང་བའི་རྒྱུ་ཕྱི་ནང་བར་གསུམ་དུ་བཟོད་པ་སྒོམས། གོས་གསར་བ་སྦྱིན་པར་བཏང༌།དཀོན་མཆོག་ལ་མར་མེ་དང་དེ་བཞིན་གཤེགས་པའི་རི་མོ་ལ་རིན་པོ་ཆེའི་རྒྱན་དབུལ། བཞི་པ་གཟི་བརྗིད་ཆེ་བའི་རྒྱུ་སེམས་ཅན་ཐམས་ཅད་བདེ་ན་རུང་སྐྱིད་ན་རུང་སྙམ་པའི་བསམ་པ་མང་དུ་བྱ། དགེ་འདུན་བསིལ་བ་ལ་ཞུགས་དང་ཞུགས་ཤིང་དབུལ། ལྔ་པ་རིགས་བཟང་བའི་རྒྱུ་ང་རྒྱལ་སྤང༌། དམ་པ་ཀུན་ལ་བསྙེན་བཀུར་བྱ། ཐམས་ཅད་ལ་ཡང་དད་པ་དང་གུས་པ་བྱ། དྲུག་པ་ཤེས་རབ་ཆེ་བའི་རྒྱུ་དམ་པའི་ཆོས་ལ་ཐོས་པ་མང་དུ་བྱ། སྣག་ཤོག་དང་ཁབ་སྐུད་སྦྱིན་པར་བཏང༌། ཞུས་ཏིག་དང་གླེགས་བམ་གྱི་སྐུ་རགས་ལེགས་མོར་བྱེད་པ་ཡང་ཤེས་རབ་ཆེ་བའི་རྒྱུ་ཡིན་པས་དེ་ཀུན་ཡང་ནན་ཏན་བྱ། བདུན་པ་ཚེ་རིང་བའི་རྒྱུ་སྲོག་གཅོད་སྤང༌། ཉེ་འདོན་བྱ། སྐམ་ལ་གནས་པའི་སྲོག་ཆགས་གྲོག་སྦུར་ལ་སོགས་པ་ཆུ་ནང་དུ་ལྷུང་ནས་འདུག་ན་མཐོང་ཚད་དུ་གདོན། སྲོག་བླུར་གཏོང་བ་ཡོད་ན་ཡང་ནུས་པ་ཡོད་ཚད་ཀྱིས་བླུས་ཏེ། སྣེའུ་ཟུར་བའི་ཞལ་ནས། ཕོ་མོ་གཉིས། བན་སྐྱེ་གཉིས་སུ་ལ་ཡང་བདུན་པོ་འདི་གལ་མི་ཆེ་བ་གཅིག་ཀྱང་མེད་དེ། གཅིག་པས་གཅིག་གལ་ཆེ་གསུངས་པ་བཞིན་ཡིན་པས། དེ་ཀུན་གྱི་རྒྱུ་འབྲས་ཤེས་པར་བྱས་ལ་རྒྱུ་ལ་ནན་ཏན་གྱིས་བསླབ། དེ་བཞིན་དུ། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང༌། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་སློབ་དཔོན་གྱིས་བཤེས་པའི་སྤྲིང་ཡིག་ཏུ་གསུངས་པའི་འཁོར་ལོ་བཞི་ལྡན་འདིར་རང་དང་གཞན་གྱི་འབྱོར་བ་བཅུ་ཡང་དོན་གྱིས་ཚང་བ་ལྟ་བུ་ལགས། དེ་ཀུན་གྱི་དབང་དུ་བྱས་ན་ཡང༌། ཤ་ར་བ་ལ་སྒོམ་ཆེན་ཞིག་གིས་ཆོས་ཞུས་པ་ལ། རྩེ་གཅིག་ཟེར་བའི་ཚུལ་དུ་ད་ལྟ་སངས་རྒྱས་ལ་ཡེ་ཤེས་རྩད་གཅོད་པ་ལ་སོགས་པ་མ་བྱས་དགུ་བྱས་ཀྱང༌། གཏད་ས་སྐྱེ་བ་འདིའི་འོག་རོལ་ཏུ་དལ་འབྱོར་འཁོར་ལོ་བཞི་ལྡན་སྒྲུབ་པའི་རྟེན་ཞིག་ཅི་ཐོབ་བྱེད་དགོས། དེ་མ་ཐོབ་ན་གཞན་གང་བྱས་ཀྱང་གཏད་མེད་ཅིག་ཏུ་ཆ་བ་ལྟ་བུ་ལགས། དེ་ལ་ཡང་སྣ་ཁྲིད་པ་ཟེར་བ་ཞིག་ཁོ་ན་གལ་ཆེ་བར་གདའ། སྣ་ཁྲིད་པ་གཤའ་མ་དེས་བསྙེན་གནས་ལ་སོགས་པ་གང་འོས་པའི་སྡོམ་པ་ལེན་དུ་བཅུག མི་དགེ་བ་ལས་བཟློག་པའི་སྒོ་ནས་ཕྱི་རྗེས་སུ་བལྟས་ཙ་ན་ལམ་དུ་མི་འགྲོ་བ་མེད་པ་ཞིག་ཏུ་འོང་བར་གདའ། དེས་ན་འཁོར་ལོ་བཞི་ལྡན་ཐོབ་པའི་རྟེན་ཚུལ་ཁྲིམས་ལ་རག་ལས། ཕྱིའི་མཐུན་རྐྱེན་ཚོགས་པ་སྦྱིན་པ་ལ་རག་ལས་པས་དེ་དག་ལ་འབད། སོ་སོའི་བཤགས་བསྡམ་བྱ། སྣ་ཁྲིད་པ་དགེ་བའི་བཤེས་གཉེན་དང་མཇལ་བའི་རྒྱུ་ད་ལྟ་ཆོས་བག་རེ་མཉན་པ་ཡན་ཆད་ལ་དད་གུས་བྱ་གསུངས་པ་ལྟར། ད་ལྟ་དེ་ཀུན་གྱི་རྒྱུ་ལ་མ་འབད་ན་ཕྱི་མར་མི་འཐོབ་པ་ཞེ་ལ་བཞག་ལ་སྐྱེ་བ་ཕྱི་མ་ཕན་ཆད་དུ་རང་འཁོར་ལོ་བཞི་ལྡན་དུ་འགྱུར་བའི་བསོད་ནམས་ལ་འབད། སྨོན་ལམ་ཡང་གདབ་སྟེ། དགེ་བཤེས་པུ་ཏོ་བ་གདམས་ངག་མཐིལ་མ་རེ་གསུངས་ཙ་ན་སྐྱེ་བ་འདིའི་འོག་རོལ་ཏུ་འཁོར་ལོ་བཞི་དང་ལྡན་པའི་རྟེན་རེ་ཅི་ཐོབ་བྱ་གསུངས་པ་ལགས་པར་གདའ། དེ་ལས་གཞན་འདོད་པ་ཁམས་ཀྱི་ལྷ་དག་ཐོབ་པར་འདོད་ན་ཡང་སྔ་མ་གསུམ་གཞིར་བྱས་ནས་ཁྱད་པར་གྱི་རྒྱུ་ཚན་རེ་དྲན་པ་ཉེ་བར་བཞག་པ་ནས་གསུངས་པ་ཀུན་ལ་ནན་ཏན་བྱ་སྟེ། དེ་ཡང་སྤྱིལ་བུ་བའི་ཞལ་ནས། སྲོག་གཅོད་སྤངས་པའི་ཁར་གཞན་གྱི་སྲོག་བསྐྱབས་པས་རྒྱལ་ཆེན་རིགས་བཞི། མ་བྱིན་ལེན་སྤངས་ནས་སྦྱིན་པ་བཏང་བས་སུམ་ཅུ་རྩ་གསུམ། འདོད་ལོག་སྤངས་ཏེ་ལེགས་པར་སྤྱད་པས་འཐབ་བྲལ། ངག་གི་བཞི་སྤངས་ཏེ་བདེན་པ་དང་སྙན་པར་སྨྲ་བས་དགའ་ལྡན། ལོག་པར་ལྟ་བ་སྤངས་ཏེ་ཡང་དག་པར་ལྟ་བས་འཕྲུལ་དགའ། མི་དགེ་བ་བཅུ་ཀ་སྤངས་ཏེ་སངས་རྒྱས་ལ་སོགས་པ་ལ་དད་པས་གཞན་འཕྲུལ་དབང་བྱེད་དུ་སྐྱེ་བར་གསུངས་པས་དེ་ཀུན་ཉམས་སུ་བླངས། དེ་ལྟར་རྒྱུ་ལ་གནས་ན་འབྲས་བུ་འབྱུང་བ་ཆོས་ཉིད་ལགས་པས། རིན་པོ་ཆེའི་ཕྲེང་བ་ནས། ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་ཀུན་ལས་བཟློག་བྱ་ཞིང༌། །དགེ་ལ་རྟག་ཏུ་འཇུག་བྱ་བ། །འདི་ནི་ཆོས་རྣམ་གསུམ་དུ་བཤད། །ཆོས་འདི་དམྱལ་བ་ཡི་དྭགས་དང༌། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང༌། །ལྷ་དང་མིའི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ། །ཅེས་གསུངས་པ་བཞིན་དུ་ལུས་ངག་ཡིད་གསུམ་གྱིས་ཅི་བྱེད་པ་ཐམས་ཅད་མི་དགེ་བ་བཅུ་ལས་ལོག་པའི་དགེ་བ་བཅུ་ལ་གནས་པར་སོང་ཙ་ན། དེའི་རྣམ་སྨིན་གྱི་འབྲས་བུ་ལྷ་དང་མི་གཉིས་འཐོབ། བྱེད་པ་རྒྱུ་མཐུན་སྲོག་གཅོད་པ་སྤོང་བ་ལ་དགའ་བ་ནས། ཡང་དག་པའི་ལྟ་བ་ལ་དགའ་བའི་བར་དུ་འབྱུང༌། མྱོང་བ་རྒྱུ་མཐུན་སྲོག་གཅོད་པ་སྤངས་པས་ཚེ་རིང་བ་དང་ནད་མེད་པ་འོང༌། མ་བྱིན་པར་ལེན་པ་སྤངས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་རང་ཇི་ལྟར་འདོད་འདོད་དུ་ལོངས་སྤྱད་དུ་ཡོད་པ་ཡོང༌། བྱི་བ་བྱེད་པ་སྤངས་པས་ཁྱིམ་ཐབ་གཞན་དབང་དུ་མི་འགྱུར་ཞིང་གཡོག་འཁོར་ཡིད་བརྟན་ཐུབ་པ་ཡོང༌། རྫུན་དུ་སྨྲ་བ་སྤངས་པས་སྙན་པ་དང་གྲགས་པ་འབྱུང༌། ཕྲ་མ་སྤངས་པས་ཅི་ཡང་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་བཤེས་བྱེད་དེ། ཚེ་སྟོད་ཚེ་སྨད་མེད་པར་བཤེས་སུ་འོང༌། རྩུབ་པོ་སྤངས་པས་འཇིགས་པ་དང་བག་ཚ་བ་ཡེ་མི་ཡོང༌། ལོག་ལྟ་སྤངས་པས་ཡང་དག་པའི་ལྟ་བ་སྟོན་པའི་དགེ་བའི་བཤེས་གཉེན་དང་མཇལ་ཏེ་འོང༌། དབང་གི་འབྲས་བུ་སྣོད་ཀྱི་འཇིག་རྟེན་འཇམ་ཞིང་བདེ་བ་དང་ལོ་ཐོག་སྨིན་པ་ལ་སོགས་པ་ག་ན་བཟའ་གུ་གཅིག་ཏུ་སྐྱེ། བྲལ་བའི་འབྲས་བུ་སྡིག་པ་དང་སྡུག་བསྔལ་དང་བྲལ་བ་ཞིག་འབྱུང༌། དེ་ཀུན་སྐྱེ་བ་དེ་ཉིད་ཀྱི་མཐོང་བའི་ཆོས་ལ་འབྱུང་བ་དེ་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པས་རིན་པོ་ཆེའི་ཕྲེང་བར་ཡང༌། མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང༌། །བགྱི་བ་གསུངས། དེ་ནས་ཁམས་གོང་མའི་ལྷ་ཐོབ་པར་འདོད་ན་ཡང༌། བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་པ་དང༌། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང༌། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་འཐོབ། །ཅེས་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ལས་གསུངས་པ་ཀུན་ནན་ཏན་གྱིས་སྒྲུབ་དགོས་པ་ཡིན། དེ་ལྟར་བདེ་འགྲོ་སྒྲུབ་པར་བྱེད་པའི་དུས་ན་བཀའ་ལུང་གཞི་ལས་འབྱུང་བའི་བྲམ་ཟེའི་ཁྱེའུ་དེས་བྱས་པ་བཞིན་དུ། དེས་ཀྱང་བདེ་འགྲོ་ལ་བར་དུ་གཅོད། དེས་ཀྱང་བདེ་འགྲོ་ལ་བར་དུ་གཅོད་སྙམ་པས་བར་དུ་གཅོད་པའི་ཆོས་ཕྲ་བའི་ཕྲ་བ་རྣམས་ཀྱང་ཤེས་པར་བྱས་ལ་སྤངས། དེ་ལྟར་ལས་དང་འབྲས་བུ་ལ་ཡིད་ཆེས་པ་ན་སྔ་མ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་འབོགས་པ་ཡིན་ཏེ། དེ་ལ་ཤ་ར་བའི་ཞལ་ནས། དགེ་བསྙེན་གྱི་གཏན་ཁྲིམས་ལྔ་ཚེ་གཅིག་ཏུ་མི་ཉམས་པར་བསྲུང་བ་ལ་ཡང་ཡན་ལག་མང་པོ་ཞིག་འཛོམ་དགོས། སྒོམ་པ་རིན་ཆེན་བླ་མས་གསུང་བ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་བསྲུང་མི་ནུས་པའི་སྡིག་པའི་གྲོགས་པོ་དང་གྲོགས་སུ་མི་རུང༌། དགེ་བའི་བཤེས་གཉེན་ནམ་དགེ་བའི་གྲོགས་པོ་རང་ལ་རང་དབང་མེད་པར་རིལ་གྱིས་དབང་དུ་བྱེད་ཅིང་དང་འགྲོགས་ནས། དེས་དུས་རྟག་ཏུ་དད་པ་སོས་འདེབས་ཀྱིན་དད་པས་གཏིང་ཚུགས་པ་ཉིད་དུས་རྟག་ཏུ་སྒོམ་དགོས། དེའི་བྱ་བ་ཐམས་ཅད་དགེ་སློང་ལ་རག་ལས། རང་གིས་ཅི་ཡང་མི་ཤེས་པས། དགེ་སློང་གཤའ་མ་ཞིག་དང་ཇི་སྲིད་འཚོའི་བར་དུ་འགྲོགས་དགོས། དད་པ་བརྟན་པ་འགའ་ཙམ་གྱིས་ཁྱིམ་གྱི་གནས་སུ་གནས་པས་ཀྱང་མགོ་ཐོན་སྲིད་དམ། ཕལ་ཆེར་གྱིས་མི་ཐོན་པས་དགོན་པ་དང་དབེན་གནས་ལ་བསྟཻན་དགོས་པ་ཡིན། ཐར་པ་སྒྲུབ་མི་ནུས་པའི་བདེ་འགྲོ་སྒྲུབ་པའི་ལམ་ཡང་དེ་བཞིན་དུ་ཡིན་ཏེ། འདིར་དེ་ཙམ་དུ་འཇོག་པ་མ་ཡིན། ཐེག་པ་ཆེན་པོ་ཉིད་ལ་རིམ་གྱིས་ཁྲིད་པའི་གཞི་མའམ་རྨང་ལྟ་བུ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །མི་དང་ལྷ་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པ་ཤེས་རབ་བརྒྱ་པ་ལས་འབྱུང་བའམ། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །ཞེས་རིན་པོ་ཆེའི་ཕྲེང་བར་གསུངས་པ་བཞིན་དུ་ཡིན་པས། པུ་ཏོ་བ་དང་སྤྱན་སྔ་མཐུན་པར་རྡོ་རྗེ་གདན་དུ་འགྲོ་བ་ལ་མིག་རྡོག་སྣེ་ལ་བལྟ་དགོས། དེར་མ་བལྟས་པར་ཐེམ་པའི་ཕྱི་རོལ་ཏུ་རྡབ་འཆོས་ནས་རྐང་པ་ཆག་ན་སྟོད་ལུངས་སུ་ཡང་མི་ཕྱིན། དེ་བཞིན་དུ་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་ཕྱི་མ་མི་ཁོམ་པའི་གནས་སུ་ཉིང་མཚམས་མ་སྦྱར་བ་ཞིག་དགོས་གསུངས། ལས་འབྲས་ལ་ཡིད་ཆེས་པ་མེད་ན་དེའི་གོང་མ་ཀུན་ཡོད་པ་སྙམ་བྱེད་ཀྱང༌། འཁྱག་པའི་སྟེང་དུ་ཁར་སྤྲིན་ཟམ་དང་བཅས་པ་རྩིགས་པ་དང་འདྲ། ཕུ་ཆུང་བ་དེ་ཉིད་ན་བཞུགས་པ་ཅན་དུ་ཕྱིན། རྟེན་འབྲེལ་བསམས་སམ་གསུངས། རྡོ་རུས་འཕྲོད་པ་ཁོ་ན་ཡང་མ་བསམས་ཞུས་པ་ལ། དེ་བསམ་དགོས་པ་ཡིན། འདུལ་བ་འཛིན་པ་དང་རྣལ་འབྱོར་པ་དང་སྡེ་སྣོད་འཛིན་པ་གཞན་སུས་ཀྱང་སྡེ་འཁྲུག་ལ་བཟེམས་པ་མེད་པ་དེ་མ་བསམ་པས་ལན་པ་ཡིན། ངེད་ཀྱི་འདི་ནས་ཁ་ཅིག་ཕྱ་ལྟས་ཤེད་ན་མར་ཕྱིན་པ་ལ་སྔགས་པ་འདྲ་བ་ཞིག་ན་རེ། ཁྱོད་ཀྱི་སློབ་དཔོན་དེ་ཀུན་ལ་སྟོང་པ་ཉིད་ཀྱི་སྒོམ་ཕྱམ་ཕྱམ་པ་མེད་དམ་ཟེར་ཏེ། ཁྱོད་ལ་གདམས་ངག་བྱ་ན་རང་གི་མཛངས་བླུན་ལ་ཁ་ལྷན་གྱིས་སོང་གསུངས་ནས་དེ་མ་ནོར་བར་གསུངས། འདི་བསམས་པས་སྡིག་པ་ལས་བཟློག་པ་ཞིག་ཡོང་ན་སྐྱེས་བུ་འབྲིང་གི་དུས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའང་རང་ཆས་སུ་ཡོང་བ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་བྱ་བ་ཡང་དེ་ཉིད་ཡིན། དགེ་བཤེས་སྟོན་པའི་ཞལ་ནས། གསང་སྔགས་ཀྱི་དམ་ཚིག་གཉན་གཉན་རྟོད་རྟོད་སྐད་གསུངས་པ་ཐམས་ཅད་ལ་ཡང་མི་དགེ་བ་བཅུ་སྤངས་པ་ལས་ཅི་ཡང་མེད་པ་ཡིན་གསུང་བར་གདའ། སྤྱན་སྔ་ལ་ཞུ་ཐུག་ཞུས་པ་ལ་ཡང་ཕྱག་ལ་གཅོད་པ་བཞིན་དུ་མཛད་ཀྱིན་ཇོ་བོ་ངས་རྦད་ཀྱིས་བཅད་མི་དགེ་བ་བཅུ་སྤངས་པ་ལས་གཞན་ཅི་ཡང་མེད་པ་ཡིན་གསུངས། དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྨང་རྡོ་ལྟ་བུ་འདི་མེད་ན། འབྲིང་གི་བར་ཁང་ལྟ་བུ་དང༌། མཆོག་གི་སྟེང་ཁང་སྤྲིན་ཟམ་དང་བཅས་པ་ལྟ་བུ་ཡང་མི་ཡོང་བས། ད་ལྟ་སྐྱེས་བུ་ཆུང་ངུའི་བློ་དེ་བརྟན་པ་ཁོ་ན་གལ་ཆེ། དེ་ཅིག་མེད་ན་གོང་མ་རངས་པ་ཞིག་ཏུ་འགྲོ་བ་ལགས་གསུངས་ཤིང༌། ཁམ་པ་ལུང་པའི་ཞལ་ནས་ཀྱང༌། ཆོས་གོང་མ་བཟང་ཡང་གལ་འོག་མ་ཆེ་གསུངས།

སྐྱེས་བུ་འབྲིང་གི་མཚན་ཉིད།

སྐྱེས་བུ་འབྲིང་གི་མཚན་ཉིད་ནི། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་ཏེ། སྤང་བྱ་ངན་འགྲོའི་སྡུག་བསྔལ་ཙམ་དུ་མ་ཟད་སྲིད་པའི་བདེ་བ་ལྟར་སྣང་ཀུན་ལ་ཡང་དེ་དག་ཉིད་ཀྱི་རང་བཞིན་སྡུག་བསྔལ་དང་བསླུ་བའི་ཆོས་ཅན་འདུ་ཤེས་པས་མ་ཆགས་པར་རྒྱབ་ཀྱིས་ཕྱོགས་ཤིང༌། ཡང་སྲིད་སྒྲུབ་པའི་ལས་དང་ཉོན་མོངས་པ་ཐམས་ཅད་ལ་འདིར་སྡིག་པ་ཞེས་བྱ་བས། སྡིག་པའི་ལས་དེ་ལྟ་བུ་དག་ལས་ལྡོག་པའི་བདག་ཉིད་དུ་འདུག་པའི་རྟེན་གྱི་གང་ཟག་གང་ཞིག་ཐོབ་བྱའི་འབྲས་བུ་རང་ཉིད་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཙམ་དོན་དུ་གཉེར་བའི་སྐྱེས་བུའི་གནས་སྐབས་གསུམ་ལས་འབྲིང་ཞེས་བྱ་བ་ཡིན་ཏེ། དེ་ཡང་གང་ཞིག་ཅེས་པས་སྐྱེས་བུ་ཆུང་ངུ་སྲིད་པའི་བདེ་བ་དོན་དུ་གཉེར་བ་དང༌། ཙམ་ཞེས་པས་སྐྱེས་བུ་མཆོག་སེམས་ཅན་གྱི་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་གཉིས་བསལ་བ་སྐྱེས་བུ་འབྲིང༌། དེའི་མཚན་ཉིད་ལ་སློབ་ཚུལ་ཀྱང༌། ཤ་ར་བ་ཆེན་པོས་གོང་མོ་བའི་བགྲེས་པོ་ཀུན་ལ། ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་ཞོག འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལགས་པས་བདེ་བ་ཡེ་མེད་པར་ཤེས་ནས་འཁོར་བ་དག་ལས་མི་ཤ་བ་བཙོན་དོང་ནས་ཐར་པར་འདོད་པ་ལྟ་བུའམ། མཚོ་འཁྱགས་པའི་བྱ་བཞིན་དུ་སྡོད་ས་མེད་པར་ཤེས་ཙ་ན་སྐྱེས་བུ་འབྲིང་ཟེར་བ་ལགས་པར་གདའ་སྟེ། བློ་དེ་ལྟ་བུ་ཞིག་ཡོད་ཙ་ན་གློ་བུར་གོས་སམ་མགོ་ལ་མེ་ཤོར་བ་བསད་པ་བས་འཁོར་བ་ལས་ཐར་པའི་ཐབས་བསླབ་པ་རྣམ་པ་གསུམ་གྱི་ལམ་ལ་འབད་པར་བྱ་བ་དེ་རིངས་པ་ཞིག་འབྱུང༌། ཞེས་གསུངས་པ་བཞིན་དུ། དང་པོ་སྡུག་བསྔལ་ཤེས་པར་བྱས་ནས། དེའི་རྒྱུ་ཀུན་འབྱུང་སྤོང་བ་ལ་ལམ་བསླབ་པ་གསུམ་རྒྱུད་ལ་བསྟེན་པས་འགོག་པ་མངོན་དུ་བྱེད་པ་བདེན་པ་བཞིའི་ཚུལ་གྱིས་ཉམས་སུ་ལེན་པ་ཞིག་ལགས་པ་ལས། སྡུག་བསྔལ་ཤེས་པར་བྱ་བ་ནི། གོང་དུ་བསྟན་པ་ལྟར་སྐྱེས་བུ་ཆུང་ངུའི་མཚན་ཉིད་ལ་བསླབ་པས་ལས་འབྲས་ལ་ཡིད་ཆེས་ནས་སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པར་སོང་ཙ་ན་བདེ་འགྲོ་རང་དབང་དུ་བཀུག་པ་ཡིན་ཏེ། བདེ་འགྲོ་དེ་ཡང་ཐར་པ་སྒྲུབ་པའི་རྟེན་ཅན་ཡིན་གྱི། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་བདེ་བ་མེད། ཅེས་ཤ་ར་བ་གསུངས་པ་བཞིན་དུ་བདེ་འགྲོ་ཙམ་ཐོབ་ཀྱང་སྡུག་བསྔལ་ལས་བདེ་བ་མེད་དེ། མིར་སྐྱེས་པ་ལ་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད་ཀྱིས་དུས་རྟག་ཏུ་གསེད་ནས་འདུག་པ་ལས། དང་པོ་སྐྱེ་བའི་སྡུག་བསྔལ་སྐད་པ་བསོད་ནམས་མ་བསགས་པ་ཀུན་ལ་དང་པོ་བར་དོའི་རྣམ་ཤེས་མའི་མངལ་དུ་འཇུག་ཙམ་ནས་མུན་ནག་དང་ཁྲོད་སྟུག་དང་ཚེར་ནགས་སྟུག་པོར་འཇུག་པའམ་གཡང་ལ་ལྷུང་བའི་སྣང་བ་འབྱུང༌། བསོད་ནམས་བསགས་པ་ལ་དེར་ཡང་ཡང་ཐོག་མཐོན་པོ་ན་འདུག་པའམ་ཁང་བཟང་གི་ནང་དུ་འཛེག་པ་ལ་སོགས་པའི་སྣང་བ་འབྱུང༌། དེ་ནས་ཕ་མའི་ས་བོན་དང་བར་དོའི་རྣམ་ཤེས་འདྲེས་པ་ལས་མིང་དང་གཟུགས་ཀྱི་མྱུ་གུ་ཙམ་ཞིག་གྲུབ་སྟེ། དེ་ཡང་མེར་མེར་པོ་ལ་སོགས་པ་ཞག་བདུན་ཕྲག་རེ་རེ་ལ་རིམ་གྱིས་འགྱུར་ནས་ཡན་ལག་ལྔ་དོད་པའི་ཚེ་ལྕགས་སྒྲོག་དང་ཤིང་སྒྲོག་དམ་པོར་བཅུག་ནས་གསལ་ཤིང་གི་རྩེ་ལ་སྐྱོན་པ་སྙམ་བྱེད་པའི་སྡུག་བསྔལ་འབྱུང༌། གནས་ས་ནི་མ་ཞུ་བའི་འོག་ཞུ་བའི་སྟེང་མི་གཙང་བའི་གསེབ་ན་གནས་པ་ཡིན་ཏེ། ཤ་ར་བའི་ཞལ་ནས། ད་ལྟ་ཇི་ལྟ་བུའི་འདོད་པ་ཅན་ཞིག་ཡིན་ཡང་མའི་མངལ་དེར་ཞག་གཅིག་ཉལ་ནས་ཕྱིར་བྱུང་ཙ་ན་གསེར་སྲང་གཅིག་སྦྱིན་བྱས་ཀྱང་ནུས་པ་ཡེ་མི་ཡོང༌། འོན་ཀྱང་དེར་ཅིས་ཀྱང་གནས་དགོས་པ་ནི། སློབ་མ་ལ་སྤྲིངས་པར། སྡུག་བསྔལ་ཉེ་བར་སྤྱད་ཕྱིར་རྣམ་པར་མཐོང་ཙམ་མོད། །གསུངས་པ་བཞིན་དུ་ལགས་གསུངས། དེ་ནས་ཕྱིར་བཙས་ཙ་ན་ཡང་ཚེར་ལྕགས་ཀྱིས་བྲབས་པའམ་རྡོ་གང་ན་རྩུབ་རྩུབ་ཀྱིས་བྲད་པའི་ཚོད་ཙམ་གྱི་སྡུག་བསྔལ་ལ་སོགས་པ་ཡོད། དེ་ནས་བྱིས་པ་དང་གཞོན་ནུ་དང་དར་ལ་བབ་པའི་གནས་སྐབས་ཀུན་རིམ་གྱིས་འགགས་ནས། གཉིས་པ་རྒས་པའི་སྡུག་བསྔལ་བྱ་བ་འབྱུང་སྟེ། ཁ་དོག་ཕུན་སུམ་ཚོགས་པ་བཅོམ་པའི་སྡུག་བསྔལ་དང༌། དབྱིབས་ཕུན་སུམ་ཚོགས་པ་བཅོམ་པའི་སྡུག་བསྔལ་དང༌། སྟོབས་ཕུན་སུམ་ཚོགས་པ་བཅོམ་པའི་སྡུག་བསྔལ་དང༌། དབང་པོ་ཉམས་པས་ཡུལ་ལ་ལོངས་སྤྱོད་པ། ཉམས་པའི་སྡུག་བསྔལ་ཏེ་རྒས་པའི་སྡུག་བསྔལ་མངོན་སུམ་གྱིས་གྲུབ་པ་འདི་ལ་སྤྱན་སྔའི་ཞལ་ནས། རྒས་པའི་སྡུག་བསྔལ་འདི་རིམ་གྱིས་བྱུང་བ་མིན་པ་གཅིག་ཆར་དུ་བྱུང་བ་ཡིན་ན་ཁྲག་སྐྱུགས་ཏེ་འཆི་བ་མིན་པ་མེད་གསུངས། སྐྱེས་ནས་མ་རྒས་ཀྱི་བར་ཀུན་ན་ཡང༌། གསུམ་པ་ན་བའི་སྡུག་བསྔལ་སྐད་པ། རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ལ་འདི་ན་ན་ཡང་མི་ལྟོ་སྙམ་པ་མཐེབ་གང་ཡང་མེད་པས། ནད་དམ་པོ་ཞིག་གིས་ཟིན་པའི་དུས་ན་ནད་དེ་ཉིད་ཀྱི་སྡུག་བསྔལ་བའི་ཁར། ཟས་དང་སྐོམ་མི་འཕྲོད་པ་ཀུན་ཞིམ་ཡང་བསྲུང་དགོས། སྨན་དྲི་རོ་ཁ་མོ་མི་ཞིམ་པ་ཐམས་ཅད་ཀྱང་ཟ་དགོས། དྲ་གཤགས་དང་མེ་བཙའ་དང་དཔྱད་རྩུབ་མོ་ཐམས་ཅད་དང་དུ་བླངས་དགོས། སྤྱོད་ལམ་བག་ཡངས་སུ་བསྡད་དུ་མི་བཏུབ་ཅིང༌། ནད་གཡོག་དང་གཉིས་ཤ་ཁོས་ཕྱི་ཁོས་སུ་ཆ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་མང༌། དེ་ཀུན་ལས་གཞན་མི་སྡུག་པ་དང་ཕྲད་པ་ལ་སོགས་པའི་སྡུག་བསྔལ་བཞིའི་དབང་དུ་བགྱིས་ན་ཡང༌། དུས་ཚིགས་འགྱུར་བའི་སྡུག་བསྔལ་དང༌། བཀྲེས་སྐོམ་དང་སྣང་བ་ཆད་པའི་སྡུག་བསྔལ་ལ་སོགས་པ་མདོར་ན་དབང་པོ་དྲུག་གི་ཡུལ་ཡིད་དུ་མི་འོང་བ་ཐམས་ཅད་མི་སྡུག་པ་དང་ཕྲད་པ། ཕ་མ་དང་མཛའ་བཤེས་དང་མཁན་སློབ་དང་རྫས་ཡོ་བྱད་དང་བྲལ་ན་སྡུག་པ་དང་བྲལ་བ་ཡིན་ཡང་དེ་རྣམས་དང་བྲལ་བ་དེ་ཀ་མི་སྡུག་པ་དང་ཕྲད་པ་ཡང་ཡིན། གོང་གི་མི་སྡུག་པ་དེ་རྣམས་དང་ཕྲད་པ་དེ་ཀ་སྡུག་པ་དང་བྲལ་བ་ཡང་ཡིན་པས། དེ་ཀུན་ལ་བརྟེན་པའི་སྡུག་བསྔལ་གྱི་རྣམ་པ་ཡང་མང་པོ་ཞིག་འབྱུང༌། མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། མིར་སྐྱེས་ཀྱང་བསོད་ནམས་མ་བསགས་པ་ཚན་ཅིག་སྒོ་ཁང་དུ་སྐྱེས་ནས་སྒོ་ཁ་དང་ལུང་སྐྱོར་དུ་འཆི་བ་ཡང་ཡོད། ཚན་ཅིག་དབུལ་པོར་གྱུར་ནས་ཁ་བ་ཐག་སྐྱ་ཡ་མེ་བ། བཀྲེས་སྐོམ་ཀུན་ཡི་དྭགས་དང་ཁྱད་མེད་པ་སྐྱེས་པའི་རབས་ལས།དབུལ་བ་རེ་བ་འབྲས་བུ་མེད། །རང་གི་མི་ལའང་སྨྲ་མེད་ཅིང༌། །དགའ་སྟོན་ཚེ་ཡང་དགའ་མི་མྱོང༌། །ཀྱི་ཧུད་སྦྱིན་པའི་གཏམ་ཡང་ཞན། །གསུངས་པ་བཞིན་དུ་འོང་བར་གསུངས། ཚན་ཅིག་ཚེ་སྟོད་ལ་འབྱོར་བ་དང་ལྡན་ཡང་ཚེ་སྨད་ལོངས་སྤྱོད་རྒུད་ནས་བུ་སྨད་རྣམས་མདུན་དུ་བླངས་ནས་ལུང་ཀྱོང་འགྲིམ་དགོས་པར་ཡང་ཆ་ལ། འབྱོར་ན་འབྱོར་བས་ཡོད་པ་འཚོ་བསྲུང་མི་ཐུབ་པའི་སྡུག་བསྔལ་མངའ་ཐང་གི་གྲ་རྒྱས་ན་སྡུག་བསྔལ་གྱི་མཚོ་རྡོལ་ཟེར་བ་བཞིན་དུ་བཤེས་པའྀ་སྤྲིང་ཡིག་ལས་ཀྱང༌། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །གསུངས་པ་བཞིན་འོང་བ་དེ་བས་ན་ཤ་ར་བའི་ཞལ་ནས། དབང་ཆུང་ན་ཆུང་སྟེ་ཐམས་ཅད་ཀྱིས་རྔོག་ཉིད་སར་ཆ། དབང་ཆེ་ན་ཆེ་སྟེ་དབང་འཚོ་མ་ཤེས་པ་ཡིན་ན་མར་ལ་ལྟུང༌། ཞེ་སྡང་གི་མེས་གསོན་སྲེག་བྱེད་དེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བྱ་བར་གསུང་གསུངས། དེ་ལྟར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དེ་ཀུན་ལ་སྤྱད་སྤྱད་པའི་ཐ་མར་སོང་ཙ་ན། བརྒྱད་པ་འཆི་བའི་སྡུག་བསྔལ་སྐད་པ། ཕུན་སུམ་ཚོགས་པའི་གསེབ་ནས་རང་གཅིག་པུར་བྱུང་སྟེ་དེ་དག་ལ་ཞེན་བཞིན་དུ་ཅིས་ཀྱང་མི་སྟོངས་པར་འཆི་བ་དང༌། རང་གང་འགྲོའི་གཏོལ་མེད་པར་འཆི་བའི་དུས་ཤིག་ཅིས་ཀྱང་འོང་བ་ཡིན་ཏེ། སྡིངས་དམའ་བའི་ཞལ་ནས། དགའ་བཞིན་དུ་འཆི་བ་ནི་ཉུང༌། གཡང་དུ་ལྷུང་བ་འཇུ་ས་མེད་པ་ལྟ་བུའི་སྡུག་བསྔལ་ཞིག་འབྱུང་གསུངས། དེ་ལྟར་ན་མིར་སྐྱེས་ཀྱང་རང་གི་ངོ་བོ་ལ་སྐྱིད་མེད། དེ་བས་ལྷར་སྐྱེས་པ་ཡིན་ན་ཡང་འཆི་འཕོ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། འདོད་པའི་ཁམས་ཀྱི་ལྷ་ཐམས་ཅད་ལ་འཆི་ལྟས་ཀྱི་སྡུག་བསྔལ། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་འཕྲེང་རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲིན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་བཤེས་པའི་སྤྲིང་ཡིག་ལས་འབྱུང་བ་ལ་སོགས་པ་བཞིན་དུ་ལྷ་རང་རང་གི་ཞག་བདུན་བདུན་ཉམས་སུ་མྱོང་དགོས་པར་གསུངས་ཏེ། དེ་ལ་ཤ་ར་བའི་ཞལ་ནས། ཡར་མཐོ་ཡིན་ཚེ་རིང་བ་ཙམ་དུ་འཆི་ལྟས་བྱུང་བའི་སྡུག་བསྔལ་ཆེ། དེའི་དུས་ན་ལྷའི་གནས་སྐྱིན་ཐེག་པ་དེ་ནས་ཕལ་ཆེ་བ་ངན་སོང་དུ་སྐྱེ་བར་ཤེས་པས་ཡིད་ཀྱི་སྡུག་བསྔལ་སྙིང་འགས་པ་ཙམ་ཡོད་པར་གསུངས། རང་གི་ལྷ་མོ་དང་འཁོར་མངོན་སུམ་དུ་ལྷ་གཞན་གྱིས་ཁྱེར་བ་མཐོང་བས་ཕྲག་དོག་གི་སྡུག་བསྔལ་ཡང་དཔག་ཏུ་མེད། དྲན་པ་ཉེ་བར་བཞག་པ་ལས་འཆི་ཁར་རིམས་ནད་ཚ་བས་བཏབ་པས་སེམས་ཅན་དམྱལ་བ་བས་བཅུ་དྲུག་འགྱུར་གྱིས་སྡུག་བསྔལ་ཆེ་བ་ཡོད་པར་གསུངས་ཏེ་དེ་ཡང་ཡིད་ཀྱི་ཡིན་གསུངས། འདོད་པའི་ཁམས་ཀྱི་ལྷ་རྒྱལ་ཆེན་རིས་བཞི་པ་དང་སུམ་ཅུ་རྩ་གསུམ་པ་ཀུན་ལ་ལྷ་ནང་འཐབ་པ་དང་ལྷ་མ་ཡིན་དང་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་ཅིང༌། ལྷ་མཐུ་དང་གཟི་བརྗིད་ཆེ་བས་ཆུང་བ་ཟིལ་གྱིས་མནན་པའི་སྡུག་བསྔལ་ཡང་དཔག་ཏུ་མེད། ལྷ་དབུལ་པོ་བྱ་བ་ལྷའི་འགྲོ་བར་བགྲང་ཡང་ཡི་དྭགས་དང་ཁྱད་མེད་པ་འདྲ་བའང་མང་པོ་ཡོད་པར་གསུངས། ཁམས་གོང་མ་དག་ཏུ་སྐྱེས་ཀྱང་དེ་ནས་ཡང་ཕལ་ཆེར་ངན་སོང་དུ་ལྟུང༌། དེར་མ་ལྷུང་ཡང་འདོད་ཁམས་དམན་པ་དག་ཏུ་ལྟུང་ལ། འབྱུང་བའི་འདུ་ཤེས་མངོན་དུ་བཏང་ནས་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒྲུབས་པས་ཁམས་གོང་མ་གཉིས་སུ་སྐྱེས་པ་ཀུན་འཆི་ཁར་སྐྱེ་བ་ལེན་དགོས་པར་ཤེས་ནས་ཐར་པ་ལ་བསྐུར་བ་བཏབ་པས་མནར་མེད་དུ་ལྟུང་སྟེ། སྲིད་རྩེ་བ་ནི་ཐམས་ཅད་ཀྱང༌། །འབྱུང་བའི་འདུ་ཤེས་ཀྱིས་བསྒྲུབས་པས། །མནར་མེད་ཁོ་ནར་ལྟུང་བ་ཡིན། །གསུངས། དེ་ལྟར་ན་དེ་དག་གར་སྐྱེས་ཀྱང་བདེ་བ་མེད་ལ། ཅུང་ཟད་བདེ་བར་སྣང་བ་ཞིག་ཡོད་ཀྱང་མདོ་སྡེ་རྒྱན་ལས། སྲིད་དགའ་ཕྱིན་ཅི་ལོག་བདེ་གཡོ་བ་ལ། །ཞེས་པའི་ཚུལ་གྱིས་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་དང༌། གཡོ་བ་སྟེ་མི་རྟག་པ་སླུ་བའི་ཆོས་ཅན་ཡིན་པས། ཤ་ར་བའི་ཞལ་ནས། སྔར་ཡང་སྲིད་རྩེའི་ལྷར་སྐྱེས་ཏེ་ཚེ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཙམ་ཐུབ་པ་བྱས་པ་ཡང་གྲངས་མེད་དེ་བསླུས། དེ་ནས་ཡང་ངན་སོང་དུ་སྐྱེས། ད་རུང་དེར་སྐྱེས་ཀྱང་བསླུ། མངོན་པ་ལས་བརྒྱད་ཁྲི་བྱ་བ་ཉིད་ལས་མ་གསུངས། ཡེ་ཤེས་རྒྱས་པའི་མདོ་སྡེ་ལས་བརྒྱད་ཁྲི་བཞི་སྟོང་དང་བཞི་ཁྲི་སུམ་སྟོང་ལ་སོགས་པ་གཟུགས་མེད་བཞི་ཆར་ལ་སྟོང་ཚོས་བསྣན་པ་གསུངས། གཟུགས་མེད་གསུམ་དང༌། བསམ་གཏན་གཉིས་པ་ཡན་ཆད་ན་དཔོན་གཡོག་མེད་ཐམས་ཅད་བཟང་མཉམ་པ་ཡིན། དེ་དག་ཏུའང་སྔར་ཡང་སྐྱེས་ཏེ་བསླུས་པའི་མཐའ་མི་མངོན་ད་རུང་བསླུ། བསམ་གཏན་དང་པོ་ནས་འདོད་པའི་ལྷ་རིས་དྲུག་པོ་ཐམས་ཅད་ན་དཔོན་གཡོག་ཡོད་པ་ལས། དེ་དག་གི་གཙོ་བོ་དག་ཉིད་དུའང་སྔར་ཡང་སྐྱེས་པའི་མཐའ་མི་མངོན་ཏེ་བསླུས། ད་རུང་བསླུ་བ་རེ་རེ་ནས་སྦྱར་ལ་སྒོམ། མིའི་འཁོར་ལོས་བསྒྱུར་བ་དང་ཁམས་ཀྱི་རྒྱལ་པོ་དང་བློན་པོ་དང་དེད་དཔོན་དང་ནོར་ཅན་དང་ཁྱིམ་བདག་གཙོ་བོ་དག་ཏུ་སྐྱེས་པས་ཀྱང་བསླུས་ཤིང་བསླུ་བ་སྔ་མ་དག་དང་འདྲ། བྲམ་ཟེ་མདུན་ན་འདོན་ཆེན་པོའམ། ཕྱི་རོལ་པའི་གསང་སྔགས་ལ་བརྟེན་པའི་ནུས་མཐུ་ཆེན་པོ་ཐོབ་པའམ། གྲུབ་ཆེན་བརྒྱད་ཐོབ་པའམ། འཇིག་རྟེན་པའི་མངོན་ཤེས་ལྔ་ཐོབ་པ་ཡང་གྲངས་མེད་དེ་བསླུས། ད་རུང་ཐོབ་ཀྱང་བསླུ། མིར་སྐྱེ་བ་དཀའ་ཤོས་ཡིན་ཏེ་ཡང་སླར་མི་ཉིད་དུ་སྐྱེས་ཀྱིན་ཤི་བའི་རུས་པ་བསགས་ན་རིའི་རྒྱལ་པོ་བས་ཀྱང་མཐོ་བ་ཙམ། ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་བཞི་བས་མང༌། མའི་ནུ་ཞོ་འཐུངས་པ་དང་ཤི་ནས་མཛའ་བཤེས་ཀྱིས་ངུས་པའི་མཆི་མ་བསགས་ན་ཡང་དེ་ཙམ་འདས་ཤིང་བསླུས། དེ་ལྟར་བདེ་འགྲོ་དག་ཏུ་ནི་དོན་གཉེར་ཙམ། གཏན་ཡུལ་ལྟ་བུ་ནི་ངན་སོང་གསུམ། ངན་སོང་ཉིད་ཀྱི་ཡང་གཏན་ཡུལ་དང་འདྲ་བར་དམྱལ་བས་བྱས་པ་ཡིན། ཐར་པ་མ་བསྒྲུབས་ན་ད་རུང་དེ་བཞིན་དུ་བྱེད་དགོས་པ་ཤེས་པར་བྱས་ལ། སྲིད་རྩེ་དང་མནར་མེད་ཀྱང་ཁྱད་མེད་པའམ། དེ་ཡང་མནར་མེད་ཀྱི་ཟངས་ཁ་ན་འདུག་པ་ཉིད་དུ་སྒོམ་གསུངས། དེ་ལྟར་དུ་བསྒོམས་པས་ངེས་པ་སྐྱེས་ཏེ་འཁོར་བ་ལ་མི་ཤ་བའི་བཙོན་དོང་ལ་སོགས་པ་དང་འདྲ་བ་སྔར་བསྟན་པ་བཞིན་དུ་སྡོད་ས་མ་ཡིན་པར་ཤེས་ཙ་ན། དེའི་རྒྱུ་ཀུན་འབྱུང་སྤོང་བ་ལ་འཇུག་དགོས་པས། དེ་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་རང་ཆས་སུ་ཡོད་ཀྱི་སྟེང་དུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང༌། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སྲེད་པ་དང༌། བསོད་ནམས་མ་ཡིན་པའི་ལས་དང་གསུམ་ལས་ངན་སོང་གསུམ་གྱི་སྡུག་བསྔལ་འབྱུང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང༌། སྲེད་པ་དང༌། བསོད་ནམས་ཀྱི་ལས་དང་གསུམ་གྱིས་འདོད་ཁམས་ཀྱི་ལྷ་དང་མིའི་ལུས་འགྲུབ། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང༌། མི་གཡོ་བའི་ལས་ཤེས་རབ་དང་བྲལ་བའི་ཏིང་ངེ་འཛིན་དང༌། དགའ་བདེ་ལ་ཞེན་པའི་ཉོན་མོངས་པ་དང་གསུམ་གྱིས་གཟུགས་དང་གཟུགས་མེད་ཀྱི་ལྷ་འགྲུབ་པར་གསུངས་པ་དེ་ཀུན་ལ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བགྱི་བ་ལགས་ཏེ། དེ་ལྟར་ན་ལས་ཀྱི་ཀུན་འབྱུང་ལས་བསོད་ནམས་ཀྱི་ལས་དང་མི་གཡོ་བའི་ལས་གཉིས་ཀྱང་འཁོར་བ་བསྐྱེད་པའི་རྒྱུར་སྣང་བས་སྤང་ངམ་སྙམ་ན། སྡིངས་དམའ་བའི་ཞལ་ནས། རྒྱུའི་དུས་ན་བསོད་ནམས་ཀྱི་ལས་མི་སྤོང༌། འབྲས་བུའི་དུས་ན་དལ་འབྱོར་ལྷ་མིའི་ལུས་མི་སྤོང༌། འོ་ན་གང་སྤང་ན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་བདེ་སྡུག་གི་སྲེད་པ་གཉིས་པོ་སྤངས་ནས། བསོད་ནམས་ཀྱི་ལས་དེ་བདེན་པ་བཞི་ཤེས་པའི་ཤེས་རབ་ཀྱིས་གྲོགས་བྱས་ནས་ཉམས་སུ་བླངས་པས་ཐེག་པ་ཆུང་བའི་ཚུལ་ཁྲིམས་བསླབ་པར་འགྲོ། དེ་བཞིན་དུ་རྒྱུའི་དུས་ན་མི་གཡོ་བའི་ལས་མི་སྤོང༌། འབྲས་བུའི་དུས་ན་ཁམས་གོང་མའི་ཏིང་ངེ་འཛིན་མི་སྤོང༌། གང་སྤང་ན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་དགའ་བ་བདེ་ལ་ཞེན་པའི་ཉོན་མོངས་པ་སྤངས་ནས། མི་གཡོ་བའི་ལས་དེ་བདེན་པ་བཞི་ཤེས་པའི་ཤེས་རབ་ཀྱིས་གྲོགས་བྱས་ནས་ཉམས་སུ་བླངས་པས་ཐེག་ཆུང་གི་ལྷག་པ་སེམས་ཀྱི་བསླབ་པར་འགྲོ་ལ། བསོད་ནམས་ཀྱི་ལས་དང་སེམས་གནས་པའི་ཏིང་ངེ་འཛིན་དེའི་གྲོགས་སྟོང་པ་དང་སྙིང་རྗེས་བྱས་པས་རིམ་པ་བཞིན་ཐེག་ཆེན་གྱི་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པར་ཡང་འགྲོ་གསུངས་ཤིང༌། ཤ་ར་བའི་ཞལ་ནས་ཀྱང༌། མི་དགེ་བ་བཅུ་སྤངས་པ་དེ་ཉིད་དགེ་བ་བཅུར་ཆ་བས་ལྷ་མི་འཐོབ། བདེན་པ་བཞི། རྟེན་འབྲེལ། ཐབས་ཤེས་རབ་ཀྱིས་སྦྱངས་ནས་ཐར་པ་གསུམ་འཐོབ། དེ་བས་ན་སྦྱོང་བར་འདྲ་བ་ལ་ཐབས་ཤེས་རབ་ཀྱིས་ཅིའི་ཕྱིར་མི་སྦྱོང་གསུང་བ་བཞིན་དུ། འཁོར་བ་བསྐྱེད་པའི་རྒྱུ་ལས་དང་རྐྱེན་ཉོན་མོངས་པ་ཡིན་པ་ལས། བསོད་ནམས་མ་ཡིན་པའི་ལས་སྐྱེས་བུ་ཆུང་ངུའི་སྐབས་ནས་སྤངས་ཏེ། བསོད་ནམས་དང་མི་གཡོ་བའི་ལས་གཉིས་གྲོགས་ཀྱི་སྟོབས་ཀྱིས་ལྷག་པ་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པར་ཉམས་སུ་བླངས་པས་དེ་དག་འཁོར་བའི་བདེ་བ་བསྐྱེད་བྱེད་ཀྱི་ལས་ཙམ་དུ་མི་ལུས་པར་ཐར་པའི་ལམ་དུ་བསྒྱུར་བས་ལས་དང་ལམ་གྱི་མགོ་ལྟག་དབྱེ་ཞིང༌། ཉོན་མོངས་པའི་ཀུན་འབྱུང་སྤང་བྱར་བྱེད་པ་ཡིན་ཏེ། དེ་ཡང་ཉོན་མོངས་པ་མེད་ན་ལས་ཡོད་ཀྱང་སྐྱེ་བ་ལེན་མི་ནུས་པ་དཔེ་དབྱིབས་ནང་གི་ནས་དང་འདྲ་བར་འཕགས་པ་དགྲ་བཅོམ་པ་ཀུན་གྱི་ཐུགས་རྒྱུད་ལ་ལས་ཅུང་ཟད་ཡོད་ཀྱང་ཉོན་མོངས་པ་མེད་པས་སྐྱེ་བ་མི་ལེན་པ་ཡིན། ཉོན་མོངས་པ་ཡོད་ན་དེས་དང་པོ་ལས་སོགས། བར་དུ་ལས་སྤེལ། ཐ་མར་འགྲོ་དྲུག་ཏུ་སྐྱེ་བའི་ཉིང་མཚམས་ཀྱང་ཉོན་མོངས་ཀྱིས་སྦྱོར་བ་ཡིན་པས། ཉོན་མོངས་ཡོད་ན་འཁོར་བའི་སྡུག་བསྔལ་ཡོད། ཉོན་མོངས་མེད་ན་འཁོར་བའི་སྡུག་བསྔལ་མེད། དེ་བས་ན་ཉོན་མོངས་འདིས་སྔོན་ཡང་འཁོར་བ་ཐོག་མེད་དུ་སྡུག་ཏུ་བཅུག ད་ལྟ་ཡང་སྡུག་བསྔལ་གྱི་སྟེང་དུ་བཞག ཕྱིས་ཀྱང་མཐའ་མེད་པ་ཞིག་ཏུ་སྡུག་བསྔལ་ལ་སྦྱོར་བར་འདུག་པས། ཉོན་མོངས་པ་ལ་དགྲའི་འདུ་ཤེས་བསྐྱེད་ནས་སྤོང་དགོས། ཉོན་མོངས་ལ་དགྲར་ངོས་ཟིན་ན་འཕྲལ་དུ་མ་སྤོངས་ཀྱང་སྤོང་བའི་རྒྱུ་ལ་ཞུགས་པར་བྱ་བ་ཡིན་པས་ནམ་ཞིག་མི་སྤོང་མི་སྲིད་ཅེས་སྡིངས་དམའ་བ་གསུངས། འོ་ན་སྤང་བྱའི་ཉོན་མོངས་པ་རང་ཅི་ཙམ་ཞིག་ཡོད་སྙམ་ན། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལྟ་བ་ཐེ་ཚོམ་སྟེ་དྲུག་རྩ་བའི་ཉོན་མོངས་པའམ། དེ་ཚུར་བསྡུས་ན་དུག་གསུམ་གྱི་ཁར་ང་རྒྱལ། ཕྲག་དོག་གཉིས་བསྣན་པས་དུག་ལྔའམ། དེ་ཡང་ཚུར་བསྡུས་ན་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དུ་འདུ་བས་དེ་ཀུན་སངས་ཀྱིས་སྤང་དགོས། ཀུན་འབྱུང་ལས་དང་ཉོན་མོངས་པ་སྤོང་བ་ཡང་ལམ་བསླབ་པ་གསུམ་གྱིས་སྤོང་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་སུན་འབྱིན། ལྷག་པའི་སེམས་ཀྱི་བསླབ་པས་མགོ་མནོན། ལྷག་པའི་ཤེས་རབ་ཀྱི་བསླབ་པས་བག་ལ་ཉལ་རྩ་བ་ནས་འཇོམས་པར་བྱེད་པ་ལས། དེ་གསུམ་གྱི་རྩ་བ་ཡང་ཚུལ་ཁྲིམས་ཡིན། དེ་ཡང་སྔར་བསྟན་པ་བཞིན་དུ་སྲིད་པ་ཐམས་ཅད་སྡུག་བསྔལ་དུ་ཤེས་པས། བསམ་པ་ཁམས་གསུམ་དག་ལ་རྨི་ལམ་ན་ཡང་འདོད་པ་མེད་པ་ལ་སོགས་པར་སོང་ཙ་ན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བའི་དུས་ཡིན་པས་རང་གི་བློ་ཚོད་དང་སྦྱར་གྱིན་དེ་དག་བླངས་ཏེ། པུ་ཏོ་བའི་ཞལ་ནས། བསམ་པ་དེ་བཞིན་དུ་སྐྱེས་ནས་རབ་ཏུ་བྱུང་བ་ལ་ངེས་འབྱུང་གི་སེམས་པས་རབ་ཏུ་བྱུང་བ་ཞེས་བྱ། བསམ་པ་དེ་ཉིད་ཀྱིས་འཕངས་ནས་ཚུལ་ཁྲིམས་བསྲུང་ཙ་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་བསྲུང་བའི་མན་ངག་ཀྱང་མྱ་ངན་ལས་འདས་པ་ལས། མི་ཞིག་རྐྱལ་བ་ལ་ཞོན་ནས་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བའི་དུས་ན། ནམ་མཁའ་ལས་སྲིན་པོ་བྱུང་ནས། རྐྱལ་བ་དང༌། དེའི་ཕྱེད་དང༌། ཡན་ལག་གཅིག་དང༌། ལག་མཐིལ་ཙམ་དང༌། ཁབ་ཀྱི་མིག་ཙམ་གྱི་བུ་ག་གདོད་དུ་ཆུག་ཟེར་བ་ལ་དེ་གང་ཡང་མི་སྟེར་བ་བཞིན་དུ། སྲིད་པའི་རྒྱ་མཚོ་ལས་ཕ་རོལ་ཏུ་བརྒལ་བའི་ཚུལ་ཁྲིམས་ཀྱི་རྐྱལ་བ་ལ་ཕམ་པ་དང༌། ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་ཕྲ་མོའི་སྐབས་ཀྱང་ཉོན་མོངས་པའི་སྲིན་པོ་ལ་མི་དབྱེ་བར་གསུངས་པ་བཞིན་དུ་བྱེད་དགོས་པ་ཡིན། ཉེས་བྱས་ཕྲ་མོའི་སྐབས་ཕྱེ་ན་ཡང་སྲིད་པའི་རྒྱ་མཚོར་འབྱིང༌། མྱ་ངན་ལས་འདས་པའི་སྐམ་སར་མི་ཐོན་པ་ཡིན། དེ་ལྟར་སྲིད་པ་ལས་ཡིད་བྱུང་ཞིང༌། མྱ་ངན་ལས་འདས་པའི་བསམ་པ་ལ་བརྟེན་ནས་རབ་ཏུ་འབྱུང་ཞིང་བསླབ་པ་ལ་སློབ་དུ་འཇུག་པ་དེ་ཐམས་ཅད་མཁན་པོའི་ལས་ཡིན། ཨུ་པ་དྷྱ་ཡ་ཞེས་པའི་སྒྲ་ལས་བྱེད་བྱེད་པ་བྱ་བར་འགྲོ་བས། འཁོར་བ་ལས་ཡིད་འབྱུང་བར་བྱེད། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྦྱིན་པར་བྱེད། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྦྱིན་པར་བྱེད་པས་ན། ཁམས་ས་ལས་རྫ་བྱེད་པ་ལ་རྫ་མཁན་ཟེར་བ་བཞིན་དུ་སོ་སོ་སྐྱེ་བོ་ལས་དགྲ་བཅོམ་པར་བྱེད་པ་དེ་ལ་མཁན་པོ་ཟེར་བ་ཡིན་ཏེ། ད་ལྟ་མཁན་སློབ་ཀྱིས་ཀྱང་དེ་བཞིན་དུ་བློ་སྣ་སྦྱོང་ཞིང་ཁྲིད་ནས་བར་ཆད་དྲིས་ཏེ་རབ་ཏུ་འབྱིན་པ་མེད། རང་ཡང་དྲག་ཤོས་ཤིག་ཚེ་འདི་ལ་སྐྱིད་ལ་ཕྱི་མ་ལ་ལྷར་འགྲོ་ཟེར་བ་དེ་ཚོད་ཅིག་གིས་རབ་ཏུ་འབྱུང༌། ཇི་ཞིག་ཙ་ན་ཕྱི་མའི་ལྷ་ཏ་ནམས་ཀྱང་བརྗེད་དེ་འདིའི་སྐྱིད་ཀྱང་བརྗེད་ནས་སྡུག་ལ་ཟད་པར་བྱེད། དེ་མན་རྣམས་ཉེ་ཐུ་དང་རྗེ་དཔོན་དང་བུ་ལོན་དང་དགྲས་གཙེས་པ་དང༌། འཚོ་བ་མ་ཕྱིད་པ་དང་གདོན་གྱིས་ཉེན་པ་དང་ཕས་གཙེར་ཚུས་གཙེར་ཉི་ཚེ་ལས་མེད། འཇིག་རྟེན་པ་གཉེན་ཚོ་འཐབ་པ་དག་དེ་ཉིད་ཀྱི་སྦུ་ལོ་དང་རྫོངས་དང་རྒྱབ་ན་ཕ་མིང་ཅི་ཡོད་འདྲིའོ། །དེ་བཞིན་དུ་དགེ་འདུན་དང་མཁན་སློབ་ཀྱིས་ཀྱང་དེ་ཉིད་ཀྱི་སྒོ་དང་དབུལ་བ་དང་མི་ཆོས་གསུམ་འདྲི་སྟེ། དེང་སང་ན་དབུལ་བ་ཞིག་ཡོད་ན་དེ་ཉིད་ཀྱི་སྒོ་ལ་ཡང་མི་ལྟ་བར་ཆད་ཅན་ཐམས་ཅད་རབ་ཏུ་འབྱིན། དེ་གསུམ་གྱི་ནང་ནས་དེ་ཉིད་ཀྱི་སྒོ་དང་གཞི་མ་ལེགས་པ་ཞིག་ཁོ་ན་གལ་ཆེ་བ་ཡིན། དགེ་བཤེས་སྟོན་པ་ཡང་ཀུན་གཞིའི་དོད་མི་གཞི་ལ་བྱ་གསུང་བར་གདའ། གཞི་མ་མེད་པའི་བར་ཆད་ཅན་རབ་ཏུ་བྱུང་བའི་ནང་པར་ནས་ཕུང་སྣ་རེ་ལ་སྦྱོར། དབུལ་བ་ཆེ་ན་སླར་ཐུ། མི་ཆོས་བཟང་ན་ཡང་སླར་ཐུ། ད་ལྟ་རང་ཅག་གི་ཚོད་དེ་ཚོད་དུ་འདུག་པས་རབ་ཏུ་བྱུང་བ་རྣམས་ཀྱང་བར་དུ་རྩ་བའི་ལྟུང་བ་ལ་སོགས་པ་གཏོང་རྒྱུ་དག་མ་བྱུང་བར་དགེ་བསྙེན་རྒད་པོ་འདྲ་བའི་བློ་སྣ་སྦྱོང་ནུས་པ་དང་ཕྲད་ན། ཇོ་བོའི་ཞལ་ནས། ཆོ་ག་སྐྱར་མི་དགོས་པ་སོར་ཆུད་པས་ཆོག སྨོན་འཇུག་གི་སྡོམ་པ་ནི་དེ་ཉིད་ཀྱི་དུས་ན་བསམ་པ་གཤའ་མར་སྐྱེས་པ་མེད་ན། ཕྱིས་བློ་སྣ་སྦྱངས་པ་ཙམ་གྱིས་མི་ཆོག་ཆོ་ག་ཉིད་ཀྱང་གཞི་ནས་སྐྱོར་དགོས་གསུང་བར་གདའ་སྟེ། སོ་སོར་ཐར་པ་ལ་ཆོ་ག་སྐྱར་མི་དགོས་པ་བས་ཀྱང་དེ་གཉན་པས་བསྐྱར་བ་དང་ཙབ་ཙུབ་བྱར་མི་རུང་བྱ་བ་རང་ཡིན། ཇོ་བོ་གསུང་བ་བཞིན་དུ་འཕགས་པ་དགའ་བོའི་རྣམ་པར་ཐར་པ་ལས་གསུངས་ཏེ། དེ་དང་པོ་བཅོམ་ལྡན་འདས་ཀྱི་ཞལ་མ་ལོག་ཏུ། ཁོ་སྲིད་པ་ཐ་མ་པ་ཡིན་པས་དགེ་སློང་ཚུར་ཤོག་གིས་བསྙེན་པར་རྫོགས་པར་བྱས། དེ་ནས་ཀྱང་སྡོམ་པ་བཞག་ལས་པུནྡ་རི་ཀའི་ཁྱིམ་ཐབ་བྱ་ཞག་བདུན་ན་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཐོབ་པས་རྒྱལ་སྲིད་བསྐྱང་སྙམ་པ་ལས་མེད་དེ། བཅོམ་ལྡན་འདས་ཀྱིས་ཕར་ཁྲིད་ཚུར་ཁྲིད་ཐབས་སྣ་ཚོགས་མཛད། སུམ་ཅུ་རྩ་གསུམ་བསྟན་པས་བཙུན་མོ་དང་རྒྱལ་སྲིད་ལ་ཞེན་པ་དང་བྲལ། དེ་ཙ་ན་ཕྱི་མར་བློ་འཕྲོས་པས་བསླབ་པ་ལ་གུས་པའི་མཆོག་ཏུ་གྱུར་ཏེ་ཡང་ཚུལ་ཁྲིམས་འཆལ་བའི་གྲངས་སུ་བཅུག དམྱལ་བ་བསྟན་པས་དེ་ལ་ཡང་ཞེན་པ་དང་བྲལ། དེ་ནས་མིའི་སྡུག་བསྔལ་རྣམས་རིམ་གྱིས་བསྟན་པས་སྲིད་པ་ཐམས་ཅད་ལས་ཡིད་བྱུང་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་སུ་གྱུར་ཏེ་ཆོ་ག་སྔ་མ་ལས་མ་བསྐྱར་བར་དགྲ་བཅོམ་པ་ཐོབ། ད་ལྟ་རང་ཅག་ཐག་རིངས་སུ་ཕྱིན་ནས་དགེ་བའི་བཤེས་གཉེན་བསྟེན་སློབ་གཉེར་བྱེད་ཟེར་བ་ཀུན་གྱི་བསམ་པ་ཡང་དགའ་བོ་སུམ་ཅུ་རྩ་གསུམ་མ་མཐོང་བའི་ཚོད་ཁ་ལས་བློ་སྣ་འཕགས་ནུས་པ་མེད། བཤེས་གཉེན་འདྲ་བ་སྤན་སྤུན་ཞིག་བསླབས་ལ་ཡུལ་དུ་ཕྱིན་ནས་བརྙེད་པ་བཙལ་ཉེ་ཐུ་བརྐྱང་སྙམ། ཕྱིར་ལོག་ནས་མི་སྐྱ་ཙ་ནའི་བཤེས་དང་དགྲ་ཡིན་པ་དེ་ཉིད་ལ་ཕྱིས་ཀྱི་ཡང་དགྲ་དང་བཤེས་སུ་བྱེད། མི་སྐྱ་ཙ་ནའི་ལོངས་སྤྱོད་དེ་ཉིད་ཕྱིས་ཀྱི་ཡང་ལོངས་སྤྱོད་དུ་བྱེད་པ་ཡིན། རག་མ་བ་ཆོས་གྲྭ་ན་དཔེ་ལྟ་བས་རག་མ་ཀུན་ན་ཡུག་ཡུག་གདའ་བོ་ཟེར་ནས་ཀ་བ་ལི་ཞལ་སྦྱར་རོ། །རང་ཅག་ཐམས་ཅད་དེ་བཞིན་དུ་འདུག་པ་ཡིན། ཕྱིའི་སྤྱོད་ཡུལ་དགའ་བོ་དང་ཀུན་དགའ་འོ་གཉིས་འདྲ་བ་ལས་མེད་དེ་ནང་གི་བསམ་པ་ཁྱད་ཆེ། རང་ཅག་ཀྱང་ཕྱི་ཚུལ་ཐག་ཆོད་པ་འདྲ་ཡང་བསམ་པ་ཁྱིམ་དུ་ལོག་ལ་ཉེ་ཐུ་སྐྱང་མི་སྡེ་ལྷ་སྡེ་སྐྱང་འདོད་པ་དག་ལ་སྤྱད་སྙམ་པ་ལས་མེད་གསུང་སྟེ། བསམ་པ་དེ་ཙམ་གྱིས་བླངས་པ་དང་བསྲུངས་པའི་ཚུལ་ཁྲིམས་དེ་ཐར་པའི་ལམ་དུ་མི་འགྱུར་བ་སྡོམ་པ་བླངས་པ་དང༌། སྲུང་བ་ཀུན་གོང་དུ་གསུངས་པ་ལྟ་བུའི་ངེས་འབྱུང་གི་བསམ་པས་ཟིན་པར་བྱ། དེ་ལྟར་ལྷག་པའི་ཚུལ་ཁྲིམས་ལ་སློབ་པའི་བར་དུ་གཅོད་པ་ཡང་འདོད་པ་ཡིན་པས་ཕྱི་ནང་གི་འདོད་པ་ཐམས་ཅད་ཀྱི་ཉེས་དམིགས་བསྒོམས་ལ་འདོད་པ་སྤང༌། འདོད་པའི་ཉེས་དམིགས་ཀྱང་སྤྱོད་པ་ལ་འཇུག་པ་ནས། འདིར་ནི་གསོད་དང་འཆིང་དང་གཅོད། །ཕ་རོལ་ཏུ་ནི་དམྱལ་སོགས་སྒྲུབ། །ཅེས་གསུངས་པས་འདི་ཁོ་ན་འདུས་ཆེ་བ་ཡིན་པས་དེ་ལྟར་དུ་འདོད་པའི་ཉེས་དམིགས་བསྒོམས་ནས། སྲིན་མོའི་གླིང་གི་ཚོང་པའི་གཏམ་རྒྱུད་བཞིན་དུ་འདོད་པ་ལ་ཕྱི་མིག་མ་བལྟས་ན་དགེ་བསྙེན་གྱི་སྡོམ་པ་ཙམ་གྱིས་ཀྱང་སྲིད་པའི་རྒྱ་མཚོ་ལས་ཐར་ཏེ་འོང༌། ཕྱི་མིག་བལྟས་ན་ཁས་བླངས་ཆེ་བཞིན་དུ་ལྟུང་ཚབས་ཆེ་གསུངས་པས་རབ་ཏུ་བྱུང་ཕན་ཆད་འདོད་པ་ལ་ཕྱི་མིག་གིས་མི་ལྟ་བ་ལགས་ཞེས་ཤ་ར་བ་གསུངས། ལྷག་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པའི་དམིགས་པ་ཡང་སྲིད་པ་ཐམས་ཅད་སྡུག་བསྔལ་ཡིན་པར་སྔར་བསྟན་པ་བཞིན་དུ་དང༌། དེ་སྒྲུབ་པའི་རྒྱུ་རང་རང་གི་རྟེན་ལ་ཡོད་པའི་ལས་དང་ཉོན་མོངས་པ་གཉིས་ཡིན། དེའི་རྩ་བ་ཡང་སྲེད་པ་ཡིན། དེ་འདོད་པ་ལས་བྱུང་བས་འདོད་པ་ཐམས་ཅད་རོ་མྱང་བ་ཆུང་ལ་ཉེས་དམིགས་ཆེ་བ་དང༌། ལས་དང་ཉོན་མོངས་པ་གཉིས་སྤངས་ན་སྡུག་བསྔལ་རྒྱུན་ཆད་པར་འགྱུར་བ་དང༌། ལས་དང་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡང་འཕགས་པའི་ལམ་ཡིན་པ་རྣམས་ལ་བྱ། དེ་ལྟར་ཏིང་ངེ་འཛིན་དུ་གྱུར་པ་ན་འཕགས་པའི་བདེན་པ་བཞི་པོ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་འབྲས་ཙམ་ཞིག་ལས། ལས་བྱེད་པ་པོ་དང༌། འབྲས་བུ་མྱོང་བ་པོ་དང༌། ལམ་སྒོམ་པ་པོ་དང༌།འབྲས་བུ་ཐོབ་པ་པོའི་བདག་མེད་པ་ཉིད་དུ་རྣམ་པར་ཕྱེ་བའི་ཤེས་རབ་ལ་བརྟེན་ནས། བདག་ལྟའི་རྩ་བ་ཅན་གྱི་ཉོན་མོངས་པ་རྣམས་སྤངས་པས་དེས་ཀུན་ནས་བསླང་བའི་ལས་མི་གསོག ལས་མ་བསགས་ན་འཁོར་བར་སྐྱེ་བ་མི་ལེན་པ་དེ་ལ་འགོག་པ་མངོན་དུ་བྱས་པའམ་མྱ་ངན་ལས་འདས་པ་ཟེར་བ་ཡིན་ཏེ། ཤ་ར་བའི་ཞལ་ནས། འཁོར་བ་སྡུག་བསྔལ་དུ་ཤེས་པ་དེ་སྡུག་བསྔལ་གྱི་བདེན་པ་ཡིན། དེ་ཡང་སྡུག་བསྔལ་ཙམ་ཡིན་གྱི་སྡུག་བསྔལ་ཅན་གྱི་བདག་མེད། དེ་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་ལས་བྱུང་བ་ཡིན། དེ་ཡང་ཀུན་འབྱུང་ཙམ་ཞིག་ཡིན་གྱི་བྱེད་པ་པོའི་བདག་མེད། དེ་གཉིས་འགགས་པ་དེ་འགོག་པའི་བདེན་པ་ཡིན། དེ་ཡང་འགོག་པ་ཙམ་གྱི་འགོག་པ་པོའི་བདག་མེད། དེ་ལམ་བསླབ་པ་གསུམ་ལས་འབྱུང་བ་ཡིན་པས་ལམ་གྱི་བདེན་པ་ཡིན། དེ་ཡང་ལམ་ཙམ་ཞིག་ཡིན་གྱི་ལམ་སྒོམ་པ་པོའི་བདག་མེད་པས། བདེན་པ་བཞིའི་རྣམ་པ། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ། རྒྱུ། ཀུན་འབྱུང་བ། རབ་ཏུ་སྐྱེ་བ། རྐྱེན་གྱི་རྣམ་པ། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་སྟེ། བདེན་པ་བཞི་ཆོས་བཅུ་དྲུག་ཏུ་སིལ་གྱིས་གང་ཟག་གི་བདག་མེད་པར་རྟོགས་ཙ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཕུང་པོ་ལྷག་བཅས་དང༌། ལྷག་མེད་ཀྱི་བར་དུ་འཐོབ། དེའི་སྟེང་དུ་རྟེན་འབྲེལ་བསྒོམས་པས་རང་སངས་རྒྱས་ཀྱི་རྣམ་གྲོལ་འཐོབ། དེ་ལ་གྲུབ་པ་མཐའ་འཛིན་གྱི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ཀུན་མྱ་ངན་ལས་འདས་པ་མི་སློབ་པའི་ཆོས་བཅུའམ། ཟག་པ་མེད་པའི་ཕུང་པོ་ལྔའི་རང་བཞིན་དུ་འདོད། མདོ་སྡེ་པ་མཚོ་ལ་འཁྱག་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འདོད་དེ། འདུས་པ་རགས་པའི་དངོས་པོ་གྱེས་པ་ཙམ་ཡིན། སྐད་ཅིག་མ་དང་རྡུལ་ཕྲ་རབ་གཏོང་མི་ནུས། དེ་ལ་སྐྱེས་བུ་འབྲིང་ཟེར་བ་ལགས་གསུངས། དེ་ལྟར་སྐྱེས་བུ་འབྲིང་གི་མཚན་ཉིད་ལ་བདེན་པ་བཞིའི་ཚུལ་གྱིས་བསླབ་པ་འདི་ལ་སྡེངས་དམའ་བའི་ཞལ་ནས། བདེན་པ་བཞི་ལ་བཤད་པའི་གོ་རིམ་དང་སྒྲུབ་པའི་གོ་རིམ་གཉིས་ལས། བཤད་པ་ལྟར་ན་སྡུག་བསྔལ་ཤེས་བྱར་ཤེས། ཀུན་འབྱུང་སྤང་བྱར་གོ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བརྟེན་ཞེས་འཆད། སྒྲུབ་པ་ལྟར་ན་ནད་པ་ནད་ཀྱིས་ཉེན་པ་ཞིག་སྨན་པ་མཁས་པ་ཞིག་ལ་བརྟེན་པ་ན། སྨན་པ་དེས་དང་པོར་ནད་ངོས་འཛིན། དེ་ནས་ནད་དེ་ལ་ཕན་པའི་སྨན་སྦྱོར། དེས་ནད་སོས་པས་བདེ་བ་རང་ཆས། དཔེ་དེ་བཞིན་དུ་འཁོར་བ་མཐའ་དག་སྡུག་བསྔལ་དུ་གོ་བའི་གང་ཟག་དེ་བླ་མ་ཞིག་ལ་བསྟེན་པས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་གི་བདེན་པར་ངེས་བཟུང༌། དེ་སྤོང་བ་ལ་གཉེན་པོ་ལམ་བསླབ་པ་གསུམ་ཉམས་སུ་བླངས་པས། ཁམས་གསུམ་གྱི་སྡུག་བསྔལ་གཏན་ནས་བྲལ་བ་འགོག་པའི་བདེན་པ་སྟེ། དེ་ནི་སྒྲུབ་པའི་གོ་རིམ་མོ་གསུངས། དེ་ཡང་སྤྱིར་རིགས་ཅན་བྱང་ཆུབ་གསུམ་ལ་འགོད། རིགས་མེད་ལྷ་དང་མི་ལ་འགོད། གསུངས་པ་བཞིན་དུ་སྐྱེས་བུ་མཆོག་ལ་བཀྲི་བར་མི་ནུས་པའི་རིགས་ཅན་རྣམས་སོ་སོའི་ལམ་ལ་འགོད་པ་ལགས་པར་གདའ་ནའང༌། རང་གི་ངོ་བོ་ལ་སྐྱེས་བུ་ཆུང་འབྲིང་གཉིས་ཀྱང་སྐྱེས་བུ་མཆོག་ལ་བཀྲི་བར་བྱ་བའི་ཆེད་དུ་གསུངས་པ་ལགས་པས། ཤ་ར་བའི་ཞལ་ནས། འདིར་ཉན་ཐོས་རང་རྒྱུད་པའི་ལམ་གསུངས་པ་མ་ཡིན། ཐེག་པ་ཆེན་པོ་ལ་རིམ་གྱིས་ཁྲིད་པའི་མན་ངག་ཡིན་གསུངས། དེ་ལ་ཚན་ཅིག་སྐྱེས་བུ་ཆུང་འབྲིང་གཉིས་ཆེན་པོའི་དོར་བྱའམ་སྤང་བྱ་ཡིན། དེ་ཅིས་ན། ཆུང་ངུ་སྔར་ཡང་ཅི་ཙམ་ཐོབ་སྟཻ་ཡང་ཡང་བསླུས། འབྲིང་སྐྱེས་བུ་ཆེན་པོ་དང་གཉིས་འགལ་བ་ཡིན་ཟེར་བ་ཡོད་སྐད་དེ། ཇོ་བོའི་ཐུགས་དགོངས་ནི་མིན་གསུངས། འོ་ན་ཇི་ལྟར་ཡིན་ན་སྐྱེས་བུ་ཆུང་འབྲིང་དེ་གཉིས་མཆོག་གི་རྩ་ལག་གམ་རྩ་བ་ལྟ་བུ་ཡིན། ལམ་འོག་མ་གོང་མ་གོང་མའི་ཡན་ལག་ཡིན་སྐད། དེ་ལ་བརྟེན་ནས་མཁན་པོ་དཔལ་ལྡན་པ་བར་སྐབས་འདིར་སྐྱེས་བུ་གསུམ་གྱི་ཀོར་ལྡོག་ཅེས་པའི་མན་ངག་ཅིག་གསུང་བར་གདའ་སྟེ། དེ་གང་ཡིན་ན་སྐྱེས་བུ་ཆུང་ངུའི་རྟོགས་པ་ངན་སོང་གསུམ་གྱིས་འཇིགས་ནས་རྒྱུ་མི་དགེ་བ་སྤོང་བ་དེ་གོང་མ་གཉིས་ཀྱི་རྟེན་དུ་མེད་ཐབས་མེད་པས་སྤང་བྱ་མིན། འོ་ན་ཐམས་ཅད་ནས་ཁྱད་མེད་དམ་སྙམ་ན་དེ་ཉིད་ཙམ་གྱིས་ཆོག་པར་འཛིན་པའི་བློ་དེ་སྤང་བྱ་ཡིན། འབྲིང་དང་ཆེན་པོ་གཉིས་ཀྱང་ཐམས་ཅད་དུ་འགལ་བ་མིན་ཏེ། འབྲིང་གི་དུས་ན་འཁོར་བ་མཐའ་དག་སྡུག་བསྔལ་དུ་རྟོགས་པ་ཞིག་ཡོད་པ་དེ་ཆེན་པོའི་ཆ་ལག་རང་ཡིན། དེ་མེད་ན་ཆེན་པོའི་བསམ་པ་བསྐྱེད་དུ་རང་མི་བཏུབ། དེར་ཤེས་པས་ཆེན་པོའི་བསམ་པ་ཡང་དེ་ལ་བརྟེན་ནས་འབྱུང་སྟེ། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པ་དེ་ཙམ་དུ་བདག་གིས་ཀྱང་འཁོར་བར་འཁྱམས་པས། དེ་ཙ་ན་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་མ་བྱས་པ་ནི་གཅིག་ཀྱང་མེད། མ་བྱས་རེས་ཀྱིས་ཕན་བཏགས་པས་ཤིན་ཏུ་ཡང་དྲིན་ཆེ་བའི་མ་རྒན་དེ་རྣམས་བདེ་སྐྱིད་དང་ལྡན་ན་རུང་བ་ལ་བདེ་བ་མེད་དེ་རང་ཉིད་སྡུག་བསྔལ་ས་དེར་སྡུག་བསྔལ་བས། འཁོར་བའི་ཉེས་དམིགས་ཤེས་པས་སྙིང་རྗེའི་ཡུལ་ཤེས་པར་ཡང་འབྱུང༌། འབྲིང་གི་རྟོགས་པ་དེ་མེད་པར་རང་གི་འཁོར་བ་ལ་བདེ་གནས་སུ་མཐོང་ནས་སེམས་ཅན་སྒྲོལ་བར་འདོད་ན་དེ་དགྲ་མིན་ན་ཅི་ཡིན་ཞེས་སུ་པུ་ཏོ་བས་གསུངས་སྐད། དེས་ན་སེམས་ཅན་བདེ་ས་ན་འདུག་པ་ལ་སྙིང་རྗེ་སྐྱེ་དོན་མེད། སེམས་ཅན་ལ་མའི་འདུ་ཤེས་མེད་ན་དེའི་སྡུག་བསྔལ་མི་བཟོད་པའི་བློ་མི་སྐྱེ། འཁོར་བ་སྡུག་བསྔལ་དུ་ཤེས་པ་དང་སེམས་ཅན་མར་ཤེས་པ་ལ་བརྟེན་ནས་རང་ཉམས་ལ་དཔགས་ནས་གཞན་སྡུག་བསྔལ་བ་ལ་མི་བཟོད་པ་འབྱུང་སྟེ། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། ཞེས་པ་ལྟ་བུ་འབྱུང་བས་ཆེན་པོའི་བསམ་པ་དེ་ཐམས་ཅད་ཆུང་འབྲིང་གི་རྟོགས་པ་ལ་རག་ལས། དེས་ན་ལམ་དངོས་སྐྱེས་བུ་ཆེན་པོའི་ཡིན་ཡང་དེའི་རྩ་བ་ཆུང་འབྲིང་གཉིས་ཡིན་པས། ཇོ་བོའི་བཀའ་བརྒྱུད་ཀྱི་གང་ཟག་དམ་པ་དེ་རྣམས་ཀྱིས་ཆུང་འབྲིང་གི་ཆོས་ལ་ཆོས་ཀྱི་རྩ་བ་ལྟ་བུ་མཛད་པས་ཆོས་པ་བདེན་ལ་ངེས་པ་ཚེ་འབྱུང་བ་དེ་འདིའི་གནད་ཡིན་གསུངས། དེ་ལྟར་རང་ཉིད་སྲིད་པ་ཐམས་ཅད་ལས་ཡིད་འབྱུང་བས་དེའི་རྒྱུ་སྤོང་བར་འདོད་པའི་བློ་རྣལ་མ་སྐྱེ་བར་སོང་ཙ་ན་ཐེག་པ་གཅིག་པ་ཉིད་དུ་བློ་སྦྱོང་དུ་འཇུག་པ་ཡིན་པས། དེ་ཡང་ཤ་ར་བའི་ཞལ་ནས། རང་ཉིད་འཁོར་བ་ལས་གཏན་ཐར་པ་ཡང་སངས་རྒྱས་མ་ཐོབ་པར་མེད་དེ། དེའི་རྒྱུ་མཚན་རྟོགས་བྱའི་མཚན་ཉིད་ནི་གཅིག་ལས་མེད་ལ། དེ་རྟོགས་པ་མཐར་མ་ཕྱིན་པར་ནི་དངོས་པོར་འཛིན་པ་དང་བཅས་པས་གཏན་ཐར་པ་མེད། རྟོགས་པ་མཐར་ཕྱིན་པ་ཡང་སངས་རྒྱས་ཁོ་ན་ཡིན། ཉན་ཐོས་དང་རང་རྒྱལ་བ་ལ་ཡང་ཐར་པ་ཡོད་པ་སྐད་བཤད་པ་ནི་གཡང་སའི་མུར་མ་ཕྱིན་པར་ནོར་ཅན་ཉིད་དུ་ཕྱིན་པར་མི་ནུས་པ་བཞིན་དུ། རེ་ཞིག་དེ་དག་གི་ལམ་དུ་མ་ཁྲིད་ན་ཐེག་པ་ཆེན་པོ་ལ་འཇུག་མི་ནུས་པ་དག་བཀྲི་བའི་དོན་དུ་རྒྱ་མཚོའི་དབུས་སུ་གྲུ་ཞིག་པའི་དུས་སུ་བར་དུ་བརྒྱ་བྱིན་གྱིས་གླིང་སྤྲུལ་པ་ལྟ་བུ་ཡིན་པས། བཅོམ་ལྡན་འདས་ཉིད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས། ངས་ཐེག་པ་སྣ་ཚོགས་བསྟན་ན་སེམས་ཅན་ལ་ཉེ་རིང་ཅན་དང་ཆོས་ལ་སེར་སྣ་བྱེད་པར་འགྲོ། དེ་ལྟར་ན་སངས་མ་རྒྱས་པར་འགྲོ་བས་ཐེག་པ་སྣ་ཚོགས་བསྟན་པ་མེད་གསུངས། ཡུམ་ལས་ལམ་ཁུག་པ་དང་རྐྱང་པ་བྱ་བ་ཟེར་ཏེ། དེ་ལ་ནི་ཁུག་པ་ཟེར་ནས་ལན་གཉིས་སུ་བསྡབ་རྒྱང་བྱེད་དགོས་པ་མེད། ལན་གཅིག་ཉིད་ཡིན། ལམ་ཁུག་པ་བྱ་བ་ཉན་ཐོས་ཀྱི་ལམ་དུ་ཞུགས་ནས་འབྲས་བུ་ཐོབ་ཀྱང༌། ཡང་གཞི་ནས་ཐེག་པ་ཆེན་པོའི་ལམ་ལ་སློབ་དགོས་པ་དེ་ལ་ཟེར་བ་ཡིན། འོ་ན་ངེས་ལེགས་བྱང་ཆུབ་གསུམ་ཟེར་བས་ཉན་རང་གཉིས་ཀྱི་བྱང་ཆུབ་ཀྱང་འབྲས་བུ་མ་ཡིན་ནམ་སྙམ་ན། མཐར་ཐུག་གི་འབྲས་བུ་མ་ཡིན་ཏེ། ཉན་རང་གི་རིགས་ཅན་ཡིན་ཡང་བསོད་ནམས་བསགས་པའི་སྟོབས་ཀྱིས་ཐེག་ཆེན་གྱི་དགེ་བཤེས་དང་ཕྲད་ནས་ཚན་ཅིག་ཚོགས་ལམ་རང་ནས་ཐེག་ཆེན་དུ་འགྱུར། ཚན་ཅིག་ངེས་འབྱེད། མཐོང་ལམ། དགྲ་བཅོམ་པའི་ཕུང་པོ་ལྷག་བཅས་ལ་ཐུག་པར་བསྒྱུར་དུ་བཏུབ། ལྷག་མེད་ནས་བསྒྱུར་དུ་མི་བཏུབ་ཟེར་བའང་ཡོད་དེ། འདི་པའི་ལུགས་ཀྱིས་ལྷག་མེད་དུ་སོང་ནས་ཀྱང་བསྒྱུར་དུ་འདོད་དེ་སངས་རྒྱས་ཀྱིས་བསྐུལ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་དུ་བཅུག དེ་ནས་གཞན་དོན་ལ་བློ་ཁད་ཀྱིས་ཁྲིད་ཚོགས་གསག་ཏུ་བཅུག་ནས་ཐེག་ཆེན་ལ་སྦྱོར་ཏེ། དེ་ལྟར་ཐེག་པ་དམན་པའི་འབྲས་བུ་ཐོབ་ནས་ཐེག་པ་ཆེན་པོའི་ལམ་བསྒྲུབས་ཙ་ན། དེ་དག་ཡང་དང་ཡང་དུ་ནི། །རང་སེམས་མངོན་དུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་བརྗོད། །ཅེས་མདོ་སྡེ་རྒྱན་ལས་གསུངས་པ་བཞིན་དུ་ཡང་དང་ཡང་དུ་རང་སེམས་མངོན་དུ་འགྱུར་བས་རྟོགས་པ་བུལ་ཞིང་ཐེག་པ་ཐམས་ཅད་ཀྱི་མཇུག་སྡུད་དགོས་པས། དགེ་བཤེས་སྟོན་པའི་ཞལ་ནས། སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་ལྡན་པ་ཞིག་ཉན་ཐོས་སུ་སེམས་བསྐྱེད་ནས་དེའི་ལམ་བསྒྲུབས་པས། དགེ་འདུན་ཉི་ཤུ་ལས་གང་ཟག་ཅིག་ལ་ཅི་ཙམ་བཙིར་བཏུབ་པའི་གོང་མ་རེ་ཐོབ་ཀྱིན་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གི་སངས་རྒྱས་ཀྱི་བྱང་ཆུབ་ལས་རིང་དུ་འགྲོ་བར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ནས་བཤད་ནས་ཡིད་ཀྱིས་ལྟོས་ཤིག་གསུང་སྐད་དེ། དེས་ན་དང་པོ་ཉིད་ནས་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཁོ་ན་རང་ཉིད་ཐར་པ་སྒྲུབ་པ་ལ་ཡང་ལམ་ཉེ་བ་ཡིན། རང་ཉིད་སངས་རྒྱས་སྒྲུབ་པ་ཡང་སེམས་ཅན་ལ་བརྟེན་དགོས་པ་དང༌། ཉན་ཐོས་ལ་གཏན་ཐར་ཡོད་ཁོངས་སུ་བཅུག་ན་ཡང་ཁམས་གསུམ་གྱི་སེམས་ཅན་ཕ་མ་བྱེད་བྱེད་པ་རྣམས་བོར་ནས་རང་ཐར་པ་སྒྲུབ་ན་དེ་ལས་ཁྲེལ་བོར་བ་མེད་པ་སྔར་བསྟན་པ་བཞིན་དུ་བསམ་གསུངས་ཤིང༌། དེ་ལྟར་ཐེག་པ་གཅིག་ཏུ་སྒྲུབ་པ་འདི་ཡང་རང་ཉན་ཐོས་བྱ་བ་ངན་ཏེ་མ་ཅིག་ཏུ་སོང་གིས་དོགས་ནས་སྒྲུབ་པ་མེད་ན། ཉན་ཐོས་ལ་གཏན་ཐར་ཡོད་ན་དེའི་ལམ་དུ་ཞུགས་ནས་མྱ་ངན་ལས་འདས་པ་ཐོབ་ན་གཞན་དོན་གཏན་དུ་རྒྱུན་འཆད། གཏན་ཐར་མེད་ཀྱང་གཞན་དོན་ལས་རིང་དུ་འགྲོ་བས་ཐེག་པ་གཅིག་ཏུ་སྒྲུབ་པ་ཡིན་ཏེ། དེ་གཉིས་ཀ་ལྟར་ན་སངས་རྒྱས་ཐོབ་དགོས་གསུངས་སོ། །

སྐྱེས་བུ་མཆོག་གི་མཚན་ཉིད།

ལམ་གྱི་སྒྲུབ་པའི་རྟེན་སྐྱེས་བུ་མཆོག་གི་མཚན་ཉིད་ནི། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ཏེ། སྔར་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་སྐབས་སུ་རང་གི་རྒྱུད་ལ་ངན་སོང་དང་འཁོར་བའི་སྡུག་བསྔལ་གཏན་ལ་ཕབ་པས་དེ་དག་སྡུག་བསྔལ་ཉིད་དུ་རྟོགས་པའི་རྐྱེན་གྱིས་གང་ཟག་ངན་སོང་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པས་རང་གི་ཉམས་ལ་དཔགས་ནས་སེམས་ཅན་གང་ཞིག་ངན་འགྲོ་དང་འཁོར་བའི་སྡུག་བསྔལ་མྱོང་བ་གཞན་གྱི་སྡུག་བསྔལ་ལ་ཡང་མི་བཟོད་པའི་སྙིང་རྗེས་དེ་དག་གི་སྡུག་བསྔལ་ཟད་པར་འདོད་ལ། དེ་ཡང་སྡུག་བསྔལ་ཕྱོགས་གཅིག་ཙམ་མ་ཡིན་པར་སྡུག་བསྔལ་གྱི་རྣམ་པ་ཀུན་ཟད་པར་འདོད་ཅིང༌། དེ་དག་འདོད་པ་ཁམས་ཀྱྀ་ལྷ་མི་ལ་བཀོད་པས་ངན་སོང་གི་སྡུག་བསྔལ་རེ་ཞིག་ཟད་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བདེ་བ་ལ་བཀོད་པའི་འཁོར་བའི་སྡུག་བསྔལ་ཟད་ཀྱང་ཐེག་པ་ཆེན་པོའི་ལམ་སྒྲུབ་པའི་འབད་པ་གཞི་ནས་བྱེད་དགོས་པ་ལྟ་བུ་རེ་ཞིག་པའི་སྡུག་བསྔལ་ཟད་པར་འདོད་པ་ཙམ་ཡང་མ་ཡིན་པར། སྡུག་བསྔལ་ཐམས་ཅད་ཡང་དག་པར་རྩ་བ་ནས་གཏན་ཟད་པའི་སངས་རྒྱས་ལ་འགོད་པར་སྙིང་ཐག་པ་རུས་པའི་ཁོང་ཀུན་ནས་འདོད་པའི་སྐྱེས་བུ་དེ་ནི་སྐྱེས་བུའི་གནས་སྐབས་གསུམ་ལས་སྐྱེས་བུ་མཆོག་ཅེས་བྱ་བ་ཡིན་ནོ། །ཞེས་པ་དེ་ལྟ་བུའི་སྐྱེས་བུའི་མཚན་ཉིད་ལ་སློབ་ཚུལ་ཀྱང་ཤ་ར་བ་ཆེན་པོས། རང་ཉིད་འཁོར་བ་ལས་ཐར་པས་མི་ཆོག་འགྲོ་བ་ཐམས་ཅད་ཕ་མར་ཤེས་ནས་སེམས་ཅན་ཐམས་ཅད་ཀྱང་འཁོར་བའི་སྡུག་བསྔལ་དེ་ལས་བསྒྲལ་བར་འདོད་ཙ་ན་སྐྱེས་བུ་རབ་ཟེར་བ་ལགས་ཏེ། བློ་དེ་ལྟ་བུ་ཞིག་ཡོད་ཙ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱེད་པ་ཡིན་པར་གདའ། ཞེས་གོང་མོ་བའི་བགྲེས་པོ་ཀུན་ལ་གསུངས་པ་བཞིན་དུ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་ལ་རང་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས། དེའི་རྒྱུ་བྱང་ཆུབ་ཀྱི་སེམས་ཡིན། དེ་སྙིང་རྗེ་ལས། དེ་བྱམས་པ་ལས། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས། དེ་སེམས་ཅན་ཐམས་ཅད་མར་ཤེས་པ་ལས་འབྱུང་བས། དེ་ཀུན་མས་ཞར་རིམ་གྱིས་སྒོམ་པ་སྟེ། དེ་ཡང་གནས་ལུགས་སྒོམ་པ་ཡིན་གྱི་ཀུན་བརྟགས་མ་ཡིན་པ་ཇོ་བོའི་ཞལ་ནས། འཁོར་བ་ཐོག་མ་མེད་པའི་མདོ་ལས་སེམས་ཅན་རེ་རེས་རེ་རེའི་མ་བྱས་པའི་མཐའ་ཡང་ས་ཆེན་པོ་རྒྱ་ཤུག་གི་ཚིག་གུ་ཙམ་དུ་བྱས་པའི་གྲངས་པས་ཀྱང་མང་བར་གསུངས། ཕ་ལ་སོགས་པ་བྱས་པ་ཡང་དེ་དང་འདྲ། མདོ་དེ་བོད་དུ་མ་འགྱུར། རྣལ་འབྱོར་སྤྱོད་པའི་ས་ཀུན་དེའི་དོན་བཞུགས་གསུངས། དེ་ལྟར་ཉེ་ཐུ་བྱས་པའི་དུས་ན་དྲིན་ཇི་ལྟར་ཆེ་བ་རྣམས་ཀྱང་བསྒོམས་ནས་སེམས་ཅན་ཐམས་ཅད་ལ་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བའི་རྩ་བ་ལས་བྱུང་བའི་བྱམས་པ་སྒོམ་སྟེ། དེ་ཡང་བླ་མ་གསེར་གླིང་པ་ནས་བརྒྱུད་པའི་མན་ངག་གིས་བྱམས་པ་སྐྱེ་སླ་རིམ་ནས་སྒོམ་པ་ཡིན་པས་དང་པོ་རྩ་བའི་མ་ནས་བརྩམས་ཏེ་རིམ་པས་དམིགས་པ་རྒྱ་བསྐྱེད་ཅིང་སྒོམ་པ་ལ་ཐོག་མར་འདི་སྙམ་དུ་རང་གི་མ་འདིས་དང་པོ་བདག་སྐྱེས་མ་ཐག་ཙ་ན་འབུ་སྲིན་ཁོ་ན་འདྲ་བའི་རང་གི་སྐེ་རང་མི་ཐུབ། བླ་འོག་རང་མི་འཕོས། ཁ་ལག་རང་ཡང་མི་འབྱོར་བ་ཞིག་ཆེ་གཡག་ཙམ་དུ་བསྐྱེད། འཛམ་བུ་གླིང་བཀྲ་བར་བསྟན། དེ་ནས་དྲང་སྲོང་སྤྱིལ་བུ་ནས་བྱུང་བའམ་སྦྲུལ་ཀོགས་ནས་བྱུང་བ་བཞིན་དུ་ཅི་ཡོད་ཐམས་ཅད་བུ་ལ་སངས་ཀྱིས་བྱིན་ནས་མ་རང་སྒོ་ཁང་འདྲ་བ་རེར་སྐུམ་སྐུམ་སྡོད་པ་ཚུན་ཆད་བསམས་ལ་མ་དེ་ལ་གཅེས་པར་འཛིན་པའི་བློ་ཞིག་ཅི་སྐྱེ་བྱ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་རང་གི་མ་བྱས་ནས་དེ་ལྟར་བསྐྱངས་པ་དང༌། ཕ་ལ་སོགས་པ་ཀུན་གྱིས་ཀྱང་རང་གནོད་པ་སྣ་ཚོགས་ལས་བསྲུངས་ཤིང་ཕན་པ་སྣ་ཚོགས་ཀྱིས་བསྐྱངས་པའི་དྲིན་དྲན་པར་བྱས་ལ་གཅེས་པར་འཛིན་པའི་བློ་བསྐྱེད། དེ་ལྟར་བྱམས་པ་བསྒོམས་པས་འདོད་པ་བདེ་བ་འདོད་པའི་སེམས་ཅན་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པ་དང་ལྡན་པར་འདུག་པ་ལས། རང་གི་ཉམས་ལས་དཔག་བྱས་ནས། །ཕ་རོལ་སྡུག་བསྔལ་དེ་མི་བཟོད། །ཅེས་པའི་ཚུལ་གྱིས་སྙིང་རྗེ་སྒོམ་སྟེ། དེ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས། ད0ེ་མང་པོས་གཏན་ལ་དབབ་པ་གསུངས་པ་ནི། འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། ཁྱིམ་བདག་གི་བུ་གཅིག་སྡུག་པ་ཡིད་དུ་འོང་བ་མི་གཙང་བའི་དོང་དུ་ལྷུང་བའི་དུས་ན། དེའི་མ་དང་རྩ་ལག་གཞན་ཀུན་དེ་མ་བཟོད་པས་བྲང་བརྡུང་ཆོ་ངེས་འདེབས་དོང་ཁ་སྐོར་བ་དག་ཏུ་བྱེད་ཀྱང༌། རང་དོང་དེར་ཞུགས་ནས་དེ་འབྱིན་པར་མི་ནུས། ཕ་གང་ཡིན་པ་དེ་ངུ་བ་ལ་སོགས་པ་མི་བྱེད་པར་དོང་དུ་ཞུགས་ནས་བུ་འབྱིན་པ་ལྟར། ཉན་ཐོས་དང་རང་རྒྱལ་བ་དག་ལ་ཡང་སེམས་ཅན་འཁོར་བ་མི་གཙང་བའི་དོང་ལྟ་བུ་ན་གནས་པ་ལ་མི་བཟོད་པ་ཙམ་ཡོད་ཀྱང༌། རང་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པར་མི་ནུས། བྱང་ཆུབ་སེམས་དཔའ་འམ་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་དག་འཁོར་བ་མི་གཙང་བའི་དོང་ལྟ་བུར་མཁྱེན་ཡང༌། སེམས་ཅན་བུ་གཅིག་སྡུག་པ་ཡིད་དུ་འོང་བ་ལྟ་བུ་རྣམས་འཁོར་བ་མི་གཙང་བའི་དོང་འདྲ་བ་ན་གནས་པ་ལ་མ་བཟོད་པའི་སྙིང་རྗེས་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་དང༌། རྒད་པོ་བུ་སྟོར་གྱི་ལེའུ་ལས། ཕ་སྤད་གཉིས་འབྲོག་དགོན་པར་འཁྱམས་པ་ལས་ཕས་ལམ་རྙེད་ནས་རྐང་པ་ཡ་གཅིག་རང་གི་ཐེམ་པའི་ནང་དུ་ཚུད། ཡ་གཅིག་བསྡོགས་པས་ཆོག་པའི་དུས་ན་བུ་དྲན་ནས་སླར་འབྲོག་དགོན་པར་བུ་ཚོལ་དུ་སོང་བ་བཞིན་དུ། སྲིད་པ་ཐམས་ཅད་འབྲོག་དགོན་པ་ལྟ་བུར་ཤེས་ནས་དེས་ཡིད་འབྱུང་བའི་བློ་སྐྱེས་པས། རང་གི་རྣམ་གྲོལ་སྒྲུབ་པ་ལ་ཡ་གཅིག་བསྡོགས་པས་ནང་དུ་ཚུད་པའི་ཚོད་དུ་འདུག་པ་ཡིན་ཏེ། དེའི་དུས་ན་བུ་དང་འདྲ་བའི་སེམས་ཅན་འཁོར་བ་འབྲོག་དགོན་པ་དང་འདྲ་བ་ན་འཁྱམས་པ་ལ་མ་བཟོད་པས།འཁོར་བའི་འབྲོག་དགོན་པར་ཞུགས་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་དང༌། ཁང་པ་མེ་འབར་བ་རླུང་གིས་བུས་པའི་ལེའུ་ལས། ཁང་པ་མེ་འབར་བ་རླུང་གིས་བུས་པའི་ནང་ནས་བྲོས་པས་རྐང་པ་ཡ་གཅིག་ཕྱིར་ཐོན། ད་ཡ་གཅིག་བསྡོགས་པས་ཐར་པ་ན་བུ་སྨད་ཤུལ་དུ་ལུས་པ་དྲན་ནས་སླར་དེ་ཉིད་དུ་ཞུགས་ཏེ་བུ་སྨད་འདོན་པ་བཞིན་དུ། སྲིད་པ་ཐམས་ཅད་ཁང་པ་མེ་འབར་བ་རླུང་གིས་བུས་པ་དང་འདྲ་བར་ཤེས་ནས་དེ་ལས་ཡིད་བྱུང་བའི་བློ་སྐྱེས་པས་རང་གི་རྣམ་གྲོལ་སྒྲུབ་པ་ལ་རྐང་པ་ཡ་གཅིག་བསྡོགས་པས་ཕྱིར་ཐོན་པའི་ཚོད་དུ་འདུག་སྟེ། དེའི་དུས་ན་བུ་སྨད་དང་འདྲ་བའི་སེམས་ཅན་འཁོར་བ་ཁང་པ་མེ་འབར་བ་རླུང་གིས་བུས་པ་དང་འདྲ་བའི་ནང་ན་སྡུག་བསྔལ་བ་ལ་མ་བཟོད་པའི་སྙིང་རྗེས་འཁོར་བ་དེ་ཉིད་དུ་ཞུགས་ནས་སེམས་ཅན་འདོན་པར་གསུངས་ལ། ཡང་རྩ་བའི་ཚིག་རྐང་དང་པོ་དེ། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །ཞེས་འདོན་པ་ལྟར་ན། བྱང་ཆུབ་སེམས་དཔའ་རང་གཅིག་པུའི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་འཁོར་བ་མ་སྟོངས་ཀྱི་བར་དུ་ཉམས་སུ་བླངས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཟད་པར་བྱ་འདོད་པ་སྟེ། དོན་དེ་ཉིད་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་དང་བློ་གྲོས་མི་ཟད་པའི་མདོ་ལས། གླིང་བཞི་པའི་སེམས་ཅན་རང་རང་ལ་འོད་ཡོད་པ་ཡང་མ་ཡིན། རེ་རེའི་མདུན་དུ་ཉི་མ་རེ་རེ་འཆར་བ་ཡང་མ་ཡིན། ཉི་མའི་དཀྱིལ་འཁོར་གཅིག་ཤར་བས་གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་མུན་པ་སེལ་བར་བྱེད། རང་གི་བྱ་བ་ལ་འཇུག་པར་བྱེད། ལོ་ཐོག་སྨིན་པ་ལ་སོགས་པ་བྱེད་པ་བཞིན་དུ། སེམས་ཅན་ཐམས་ཅད་རང་རང་གིས་ཐར་པར་ནུས་པ་ཡང་མ་ཡིན། རེ་རེའི་མདུན་དུ་བྱང་ཆུབ་སེམས་དཔའ་རེ་རེ་བྱོན་ནས་དོན་མཛད་པ་ཡང་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་བདག་ཉིད་གཅིག་པུ་གཉིས་སུ་མེད་པའི་སེམས་ཅན་གྱི་དོན་བྱ་ཞིང་ཐར་པ་ལ་དགོད་པར་བྱའོ། །ཞེས་གོ་གྱོན་ཞིང་དམ་བཅའ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ལུགས་ཡིན། བྱང་ཆུབ་སེམས་དཔའ་ཟླ་ལྟར་ཞིང་གཞན་ལ་སྐབས་འབྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་མ་ཡིན་པ་འཕགས་པ་འཇམ་དཔལ་གྱི་ཞལ་བཞེས་ཀྱང་འདི་བཞིན་དུ་ཡིན་པས། རང་ཅག་ཀྱང་དེ་བཞིན་དུ་བློ་སྦྱོང་དགོས་པ་ཡིན་ཏེ། ཝ་ནི་གླང་ཆེན་དྲེགས་པ་ཡི། །ཀླད་པ་བགམ་ཞིང་གཞོམ་མི་སེམས། །གདོལ་བ་རྒྱ་མཚོའི་མཐའ་ཀླས་པའི། །ས་ཡི་དཀྱིལ་འཁོར་བསྐྱང་མི་སེམས། །བགྱི་བས། དེ་གཉིས་ཀྱི་བློ་གང་ལ་འབྱུང་ན། སེངྒེའི་ཕྲུ་གུ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་ལ་འབྱུང་བ་ཡིན། དེ་བཞིན་དུ་སྔ་མ་ལྟ་བུའི་བློ་སྐྱེ་ཞིང་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་གླང་པོ་ཆེ་དྲེགས་པ་དང་འདྲ་བའི་དམུ་རྒོད་གདུལ་དཀའ་བ་རྣམས་འཁོར་བ་ལས་བསྒྲལ་ནས་རྫོགས་པའི་སངས་རྒྱས་ལ་འགོད་པར་འདོད་པའི་བློ་སྐྱེ་བ་ཡང་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་ཞིག་དགོས། རིགས་ཀྱང་སྐྱེ་མཆེད་དྲུག་གི་ཁྱད་པར་ལ་གསུངས་པ་དང༌། ཆོས་ཉིད་ལ་གསུངས་པ་དང༌། དགེ་བའི་རྩ་བ་ལ་གསུངས་པ་མང་དུ་ཡོད་པ་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་གཏན་ཟུག་ཅིག་ཡོད་པ་ཡང་མ་ཡིན། ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་སྟེ། དེ་ཡོད་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུར་མི་འགྱུར་བས། དེ་ལ་དང་པོར་རིགས་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང༌། །སྦྱོར་དང་བསམ་པ་ཕུན་ཚོགས་པ། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། །ཞེས་པའི་ཚུལ་གྱིས་རིགས་སད་པ་ཞིག་དགོས། དེ་ལ་སྐྱེ་བ་མང་པོའི་གོང་རོལ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ཅིང༌། སྐྱེས་བུ་གསུམ་གྱི་རིམ་པས་བློ་སྦྱངས་ལ། བསོད་ནམས་དཔག་ཏུ་མེད་པ་བསགས་པ་ཞིག་དགོས་པས་དགེ་བའི་རྩ་བ་ལ་རིགས་སུ་གསུངས་པ་དེ་ཁོ་ན་ངེས་དོན་ཡིན། རིགས་སད་པའི་ཚོད་ཀྱང༌། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་པའི་ཚུལ་གྱིས་རྟགས་འབྱིན་ནུས་པ་ཡིན། མདོར་ན་ཐེག་པ་ཆེན་པོའི་རིགས་ཀྱི་གཙོ་བོ། སྙིང་བརྩེ་བ་ཕུན་སུམ་ཚོགས་པ་དང༌། སྙིང་སྟོབས་ཕུན་སུམ་ཚོགས་པ་དང༌། གཞན་དོན་བྱེད་པ་ལ་མཁས་པའི་ཤེས་རབ་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པ་ཞིག་ལ་ཟེར་བ་ཡིན་པས་སྔར་བསྟན་པ་བཞིན་དུ་བློ་སྦྱངས་པས། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པ་མེད་པར་བདེ་བ་ཆེན་པོ་རང་དོན་དུ་ཐོབ་པར་འདོད་ན་ཡང་ཉན་ཐོས་སུ་ཆ། རང་དོན་དུ་སངས་རྒྱས་ཐོབ་པར་འདོད་ན་ཡང་རང་སངས་རྒྱས་སུ་ཆ་བ་ཡིན་ཞེས་དགེ་བཤེས་སྟོན་པས་གསུང་སྐད། པུ་ཏོ་བས་སྒོམ་པ་བྱང་འབྱུང་བྱ་བ་ཞིག་ལ་སེམས་བསྐྱེད་གནང་བའི་དུས་ན་ཡང༌། སྙིང་རྗེས་རྒྱུད་ཅུང་སྣུམ་པའམ་བརླན་པ་འདྲ་བ་ཡོད་ཀྱང༌། བསོད་ནམས་དཔག་ཏུ་མེད་པ་བསགས་པའི་སྒོ་ནས་སྙིང་སྟོབས་ཕུན་སུམ་ཚོགས་པ་མེད་པར་དུས་འཁོར་བ་ན་གནས་པའི་སེམས་ཅན་གཅིག་ཀྱང་མ་ལུས་པར་ཐར་པ་ལ་མ་བཀོད་ཀྱི་བར་དུ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་ནུས་པ་མི་ཡོང༌། སྙིང་རྗེ་ཉིད་ཀྱང་ཉམས་ཏེ་ཆ་བའི་ཉེན་ཡོད་པ་ཡིན། དེ་གཉིས་ཡོད་ཀྱང་གཞན་དོན་བྱེད་པ་ལ་མཁས་པའི་ཤེས་རབ་མེད་ན་གཞན་དོན་ཕྱིན་ཅི་མ་ལོག་པ་སྒྲུབ་པར་མི་ནུས་པས་ན་དེ་གསུམ་ཆར་ཚོགས་དགོས་པ་ཡིན་གསུངས་པས། ད་ལྟ་རང་ཅག་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་ནས་བྱང་ཆུབ་ཀྱི་སེམས་དངོས་སུ་སྐྱེས་པའི་བློ་ཚོད་དུ་ཕྱིན་པའང་དཀའ་སྟེ། པུ་ཏོ་བ་ཞུ་མཁན་བྲག་ཏུ་བཞུགས་ཙ་ན་ཀ་མ་བ་ཡང་དེར་བྱོན། ནུབ་ཅིག་ཞུགས་ངོགས་ན་བཞུགས་པ་ལ་ཀ་མ་བས། སློབ་དཔོན་པས་ཅི་ཡང་མི་ཡོང་ཁོ་ན་གསུངས་པས་དེས་ཞུམ་ནས་སླར་གནོད་པར་ཡང་མཆི་བར་གདའ་བས། ཨེན་རེ་གཟེངས་བསྟོད་པ་ཡང་གསུང་བར་ཞུ་གསུངས་པ་ལ། མ་མཉེས་པར་ཨ་གསུངས་ནས་རང་ཅག་ལ་ཡབ་སྲས་མཇལ་བའི་མདོ་བཞིན་དུ་བྱས་ནས། མི་ནས་ཡོང་བ་ཡང་མེད་ན་ལྷ་ནས་ཡོང་བ་ལྟ་ཅི་སྨོས། ངན་སོང་གསུམ་དུ་འཁྱམ་འཁྱམ་ནས་རྒྱ་ལ་ལན་གཅིག་མི་ལུས་ཐོབ་པའི་དུས་འདིར་ཡང་བསམ་པ་ལེགས་མོར་སྦྱངས་ན་བྱང་ཆུབ་ཀྱི་སེམས་སྐྱེད་རུང་བྱས་ན་དེ་གཟེངས་བསྟོད་པ་མིན་ནམ། སྐྱེ་བ་འདི་ཉིད་ལ་སངས་རྒྱས་བྱ་བ་ཞིག་འདོད་དམ་གསུངས་པས། རང་ཅག་མནན་ད་ལྟ་ལ་བྱེད་པ་བཞིན་དུ་རིགས་འཕྲལ་འཕྲལ་ལ་བྱེད་དགོས་པས། མ་འོངས་པ་ན་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་ནས་སེམས་བསྐྱེད་གཤའ་མར་སྐྱེ་ནུས་པའྀ་ས་བོན་ཐེབས་པར་བྱ་བའི་དོན་དུ་བྱམས་པ་དང་སྙྀང་རྗེ་དུས་རྟག་ཏུ་སྦྱངས་ཤིང་རྒྱ་ཆེན་པོའི་ས་བོན་ཅི་ཐེབས་བྱ། ཡུམ་ལ་ཆོས་སྤྱོད་བཅུའི་སྒོ་ནས་སྒྲུབ་པ་ནུས་པ་ཡོད་ཚད་བྱ་ཞིང་ཟབ་མོའི་ས་བོན་ཅི་ཐེབས་བྱ། རང་ཅག་དང་པོ་ནས་ཡུམ་གྱི་སྙིང་པོ་ལ་ཀན་ཕབ་པས་བར་དུ་མ་གུས་པའི་ཉེས་དམིགས་ཀྱང་འབྱུང་སྟེ། ནམ་ཞིག་ན་ཐར་པའི་ས་བོན་དུ་ནི་འགྲོ་བ་ཡིན། དེ་ལྟར་སྲིད་སྲུང་འདོན་པ་ལྟར་སྣང་ཡང་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་དང༌། དམ་པའི་ཆོས་སྤོང་བ་ལ་སོགས་པ་དྲུག་པོ་ཀུན་ལ་ཟོན་མ་བྱས་ན་རིགས་ཀྱི་ཆ་ཤས་ཅུང་ཟད་ཡོད་པ་དག་ཀྱང་སུན་འབྱིན་ཞིང༌། དཀར་པོའི་ས་བོན་ཐམས་ཅད་བདར་ཆགས་བྱེད་ཉེན་ཡོད་པས་དེ་དག་ལ་ཟོན་ཆེར་བྱ། ཆོས་ཨ་མ་ན་སི་ལ་ཡང་འཇུག་པའི་དོན་ཡང་མེད་ལ་སྤང་བའི་ཆེད་ཀ་ཡང་མི་ཆེ་བས་བཏང་སྙོམས་སུ་བྱ། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་པ་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་པའི་ཉེས་དམིགས་རྣམས་སྦྱངས་ཏེ། ཉོན་མོངས་པ་གང་ཤས་ཆེ་བའི་གཉེན་པོ་སྒོམ། གྲོགས་ངན་སྤོང་ཞིང་བཟང་པོ་ལ་བརྟེན། ཕོངས་པར་མི་འགྱུར་བར་བྱ་བའི་དོན་དུ་དཀོན་མཆོག་ལ་ཆུ་ཕོར་བུ་རེ་དབུལ་བ་ཚུན་ཆད་སྦྱིན་པ་ལ་ནན་ཏན་བྱ། དད་པས་བྱིན་པ་ལ་ལོག་པར་ལོངས་སྤྱད་པ་དང་བདག་གི་དོན་དུ་གཞན་བཀོལ་བ་ལ་སོགས་པ་གཞན་གྱི་དབང་དུ་འགྱུར་བའི་རྒྱུ་དག་སྤང༌། ཞེས་ཤ་ར་བས་གསུངས་ཏེ། དེ་རྣམས་ཀྱིས་སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་ལ་བསླབ་པ་བཤད་དོ། །


previous༣༽ སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ།next