Nitartha Digital Library
Tibetan
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །


   
   
   
  collapse section
   
   
   
   
   
  collapse section
   
   
  collapse section
   
   
  collapse section
   
   
   
   
  collapse section
   
   
(༢) ཐེག་པ་ཆེན་པོའི་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས།
   


 
previous(༢) ཐེག་པ་ཆེན་པོའི་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས།no next

(༢) ཐེག་པ་ཆེན་པོའི་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས།

ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས་བཤད་པ་ལ། སྤྱིར་གསང་སྔགས་ཀྱི་བྱ་བ་བྱེད་པ་ལ་སྔོན་དུ་དབང་ཐོབ་དགོས་པ། གང་ཟག་ཚངས་པར་སྤྱོད་པའི་རྟེན་ཅན་གྱིས་སྔགས་བླ་མེད་ལས་གསུངས་པའི་ཆགས་ལམ་གྱི་གསང་དབང་དང་ཤེས་རབ་ཀྱི་དབང་བྱར་མི་རུང་བ། དབང་དེ་གཉིས་མ་བྱས་ཀྱང་སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མས་གནང་བ་ཐོབ་པ་དང་རང་སློབ་དཔོན་གྱི་ཆོས་དང་ལྡན་ན་སློབ་དཔོན་གྱི་བྱ་བ་བྱེད་པ་ལ་ཆོས་དབང་གཟས་པའི་ཉེས་པ་མེད་པར་བསྟན་པ་དང་གསུམ་གྱི།

དང་པོ་ལ། གསང་སྔགས་ཀྱི་བྱ་བ་བཤད་པ་དང༌། དེ་བྱེད་པ་ལ་སྔོན་དུ་དབང་ཐོབ་དགོས་པར་བསྟན་པ་དངོས་གཉིས་ལས། དང་པོ་གསང་སྔགས་ཀྱི་བྱ་བ་བཤད་པ་ནི།སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང༌། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང༌། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །ཞེས་གསུངས་ཏེ། དེ་ཡང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིས་རང་གི་བྱང་ཆུབ་ཀྱི་ཚོགས་རྫོགས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཞིན་དུ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་ལ་བརྟེན་ན། དེའི་ཐེག་པ་རྒྱུད་སྡེ་ཀུན་ནས་སྔགས་འདི་འདི་ཙམ་དུ་བཟླས་ན་ཕན་ཡོན་འདི་འབྱུང་གསུངས་པ་ཀུན་བཟླས་བརྗོད་ཚད་དུ་ལོང་བར་བྱས་པའི་མཐུ་ཉིད་ལས་གྲུབ་པ་ཡི། ཞི་བ་དང་རྒྱས་པ་དང་སོགས་ཁོངས་ནས་དབང་དང་མངོན་སྤྱོད་དེ་འཕྲིན་ལས་བཞི་པོ་རྣམས་ཀྱིས་འདོད་དགུའི་བུམ་པ་བཟང་པོ་གྲུབ་པ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་བསྒྲུབས་པ་ལ་སོགས་པའི་སྟོབས་ཀྱིས་ཀྱང་རང་དོན་ཚོགས་རྫོགས་པ་དང་གཞན་དོན་འཕྲིན་ལས་བྱེད་པའི་སྒོ་ནས་ལམ་གྱི་འཇུག་པ་བདེ་བ་དང་མྱུར་བ་ཡིས་ནི་འབྲས་བུ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱ་འདོད་པ་དང༌། དེ་ལྟར་འདོད་པས་སྔགས་ཀྱི་ཐེག་པ་དམ་ཚིག་གསུམ་བཀོད་སོགས་བྱའི་རྒྱུད་དང༌། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་པའི་རྒྱུད་དང༌། སོགས་ཁོངས་ནས་དེ་ཉིད་བསྡུས་པ་སོགས་རྣལ་འབྱོར་གྱི་རྒྱུད་དང༌། གསང་བ་འདུས་པ་སོགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་བཞི་པོ་གང་ཡང་རུང་བའི་སྒོར་ཞུགས་ནས་དེ་དག་ལས་གསུངས་པའི་ཚུལ་གྱིས་གལ་ཏེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པར་འདོད་ན་འཆད་པར་འགྱུར་བ་བཞིན་གྱིས་བླ་མ་ལས་དབང་འཐོབ་པར་བྱ། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་བཀའ་ཐམས་ཅད་ཀྱི་དོན་བསྡུས་པ་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང༌། སྡེ་པ་དང་ཐུན་མོང་བའི་བདེན་པ་བཞིའི་དོན་གཏན་ལ་དབབ་པ་དང༌། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གཏན་ལ་དབབ་པ་དང༌། གསང་སྔགས་ཀྱི་ཚུལ་གཏན་ལ་དབབ་པ་བསྟན་བཅོས་འདི་བཞིན་དུ་བཤམས་པ་བཞུགས། ཚུལ་གསུམ་པའི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང་འདི་བཞིན་དུ་གསུངས་ཏེ། དེ་དག་ཏུ་སྔ་མ་གཉིས་མི་རྒྱས་ཕྱི་མ་རྒྱས་པར་གསུངས། དེ་དག་གི་གདམས་ངག་སྐྱོང་བ་དང་ལག་ལེན་དུ་བྱེད་པ་མེད་པས་ད་ལྟ་ལུགས་གནས་པ་མེད་པ་འདིའི་གདམས་ངག་ཇོ་བོའི་དགོངས་པ་དགེ་བཤེས་སྟོན་པ་ཙེན་གྱིས་ལེན་ནས་ཕྱག་བཞེས་སུ་མཛད་ཅིང་གཞན་ལ་ཡང་གནང་བ་ད་ལྟ་ལུགས་གནས་ཤིང་ཐམས་ཅད་ལ་བཀའ་དྲིན་ཆེ་བ་ཡིན། དེ་ཡང་ཐེག་པ་ཆེན་པོའི་གསང་སྔགས་ལ་ཅི་ནས་ཀྱང་མི་འཇུག་པའི་གླགས་མེད་ཟེར་བའང་མིན་ཏེ། གལ་ཏེ་དེ་ལ་མོས་ནས་འཇུག་ན་ཡང་ཚུལ་འདི་ལྟར་ཡིན་ཞེས་སྟོན་པ། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇུག་པའི་སློབ་མའི་མཚན་ཉིད་ནི། སྐྱེས་བུ་གསུམ་གྱི་རིམ་པས་བློ་ལེགས་པར་སྦྱངས་ཤིང་སྐྱེས་པས་སྨོན་འཇུག་གི་སྡོམ་པ་བརྟན་པོ་དང་ལྡན་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྐོར་དང་བཅས་པ་ལ་ལེགས་པར་བསླབས་ཤིང་ཁུལ་དུ་ཚུད་པ། དབང་པོའི་སྒོ་ནས་གང་གི་སྒོར་ཞུགས་ཀྱང་དེའི་གནས་ལུགས་ལེགས་མོར་རྟོགས་ནུས་པ། སྙིང་སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ། སེམས་ཅན་ལ་སྙིང་རྗེ་ཤས་ཆེར་འཕེལ་བས་གཞན་དོན་དུ་ཐམས་ཅད་མཁྱེན་པ་ཐོབ་པར་ཆེས་རིངས་ལ། དེའི་ཐབས་ཀྱང་གསང་སྔགས་ཆེ་བ་དང་མྱུར་བར་ཤེས་ནས་དེ་ལ་འཇུག་པར་འདོད་ན་གལ་ཏེ་ན་འཇུག་སྲིད་དེ། མདོ་སྔགས་གཉིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ལ་ཁྱད་མེད། བརྩོན་འགྲུས་ཀྱི་ཡུལ་དང༌། བསམ་གཏན་དང་ཤེས་རབ་བསྐྱེད་པའི་ཐབས་གཞན་ཡོད་པ་ཡིན། ཇོ་བོ་ཉིད་ཀྱིས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ལས་སློབ་མའི་མཚན་ཉིད་སྙིང་རྗེ་ཆེན་པོ་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང༌། སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། ཡོངས་སུ་འཛིན་པ་ཐམས་ཅད་སྤངས་པ་དང༌། དད་པ་ལ་སོགས་པའི་ནོར་དང་ལྡན་པ་དང༌། བླ་མ་ལ་སངས་རྒྱས་དང་མཉམ་པའི་འདུ་ཤེས་སྐྱེ་བ་དང༌། བླ་མས་ཕོག་པའི་དམ་ཚིག་ལ་གུས་པ་རྣམས་དང་ལྡན་པ་ཞིག་དགོས་པར་གསུངས། ཀ་མ་པས་བླ་མ་མཚན་ཉིད་དང་ལྡན་པ་ཡོད་ན་དབང་བསྐུར་བྱ་རྒྱུ་ཡིན་པ་ལ་གསུངས་པ་ཕུ་ཆུང་བས་གསན་པས། བླ་མ་ཡོད་ན་རང་སྣོད་ལྡན་དུ་ཁས་ལེན་པར་འདུག་སྟེ། དེ་ཉིད་ཤིན་ཏུ་དཀའ་བ་ཡིན་གསུང་སྐད་དེ། དེ་བཞིན་དུ་ཡིན། སློབ་དཔོན་གྱི་མཚན་ཉིད་དེ་བས་ཀྱང་བླ་ལྷག་ཅིག་ཁོ་ན་དགོས་པར་རྒྱུད་སྡེ་ཐམས་ཅད་ནས་གསུངས་ཏེ། སློབ་དཔོན་འཇིག་རྟེན་ཆོས་སྤངས་ཤིང༌། །དེ་ཉིད་བཅུ་ནི་རབ་ཏུ་རིག །ཅེས་པའམ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང༌། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གཟུང༌། །ཕྱི་རོལ་བསྟན་བཅོས་ཡོངས་ཤེས་དང༌། །ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང༌། །གསང་བའི་དེ་ཉིད་བསྡུ་བ་དང༌། །ཐེག་པ་ཆེན་པོ་མི་ཤེས་པ། །སྙིང་རྗེ་ཡོད་པ་མ་ཡིན་དང༌། །དད་མེད་བརྩོན་འགྲུས་མི་ལྡན་ལ། །རྟག་ཏུ་ངན་པའི་ཚུལ་སྤྱོད་དང༌། །བསྟན་བཅོས་རྣམས་ལ་སྨོད་པ་མིན། །གོང་དུ་བསྟན་པའི་མཚན་ཉིད་དང༌། །ལྡན་པ་སློབ་དཔོན་ཡིན་པར་བཟུང༌། །ཞེས་པ་ལ་སོགས་པ་ལས། འཇིག་རྟེན་པའི་ཆོས་སྤངས་པ་ཉན་ཐོས་དང་ཡང་ཐུན་མོང་ཡིན། ཆོས་ཕྱིར་དུ་ལུས་སྲོག་ལ་མི་ལྟ་བ། ཕྱི་རོལ་པའི་བསྟན་པ་ལ་མི་འཇུག་པ། ཉན་ཐོས་ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ། ཐེག་པ་ཆེན་པོ་ལ་དགའ་བ། དེ་ཁོ་ན་ཉིད་བཅུ་རིག་པ། གསང་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཐམས་ཅད་ཤེས་པ། དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་ལ་མཁས་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་སྦྱིན་བདག་ཆེན་པོ། ཐབས་དང་ཤེས་རབ་གཉིས་ཟུང་དུ་ལེགས་མོར་འཇུག་པའི་རྡོ་རྗེ་འཛིན་པ་ཉིད་དུ་འཇུག་པ་ཞིག་དགོས་པ་ལས། རང་ཅག་ལ་གསང་སྔགས་ཀྱི་སྒོར་ཞུགས་ཤིང་སྒྲུབ་པ་བྱས་ཀྱང་ཡོན་ཏན་ཅི་ཡང་སྐྱེར་མི་བཏུབ་པ་དེ་སློབ་མ་སྣོད་ལྡན་དང་སློབ་དཔོན་མཚན་ལྡན་གང་ཡང་མེད་ཅིང་ཐེ་ནེ་སྣོལ་དུ་སོང་བས་ལན་པ་ཡིན། ད་ལྟ་རྒྱ་གར་ན་ཡང་བོད་ཁོ་ན་འདྲ་བ་ལས་མེད་ཚུལ་དུ་གདའ། བོད་ན་མར་སྔགས་འཚོང་ཞིག་ཡོང་བ་འདི་ཀུན་ཐམས་ཅད་རིམ་པ་དང་ཐམས་ཅད་བྱས་ཀྱིན་འོང་བ་ལགས་ཚུལ་དུ་གདའ་སྟེ། རྙེད་པ་དང་ཟང་ཟིང་ལ་དམིགས་པ་ཉི་ཚེ་ལས་སྣོད་ལྡན་མི་ཡོང་བར་སྣང༌། སློབ་མ་སྣོད་ལྡན་དང་སློབ་དཔོན་མཚན་ལྡན་ཡོད་ན་གསང་སྔགས་ཀྱི་བྱ་བ་བྱེད་པ་ལ་དབང་ཐོབ་དགོས་པ་དང༌། གསང་བ་ཤེས་རབ་ཀྱི་དབང་ཚངས་པར་སྤྱོད་པ་ཅན་གྱིས་བྱར་མི་རུང་བ་དང༌། སློབ་དཔོན་གྱི་བྱ་བ་བྱེད་པ་ལ་སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མས་གནང་བ་ཐོབ་པ་སློབ་དཔོན་གྱི་ཆོས་དང་ལྡན་པ་ཞིག་དགོས་པའི་དོན་དེ་གསུམ་སྔགས་ཀྱི་དུམ་བུ་འདིས་གཏན་ལ་འབེབས་པ་ཡིན་ཏེ། རང་ཅག་དེ་དག་ཐམས་ཅད་ཀྱི་མཚམས་ལས་འདས་ནས། དབང་བསྐུར་བས་སྣོད་དུ་བྱས་པ་མེད་པར་གསང་སྔགས་ཉན། དེ་ནས་སློབ་དཔོན་གྱི་ཆོས་གང་ཡང་མེད་པར་སློབ་དཔོན་གྱི་བྱ་བ་ཐམས་ཅད་བྱེད་དུ་འགྲོ་བ་ཡིན། གསང་སྔགས་འདི་འདི་ཙམ་ཞིག་བཟླས་ན་ཕན་ཡོན་འདི་འབྱུང་གསུངས་པ་ཀུན་ཡང༌། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞེས་པ་འདི་བཞིན་དུ་གསང་སྔགས་ཀྱི་ཆེ་བ་དེ་ལྟར་གནས་པ་ཡིན་གྱི་ཅི་ཕྱིར་གྱི་ལམ་ན་མེད། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་དམ་ཚིག་གསུམ་བཀོད་པའི་རྒྱུད་ཀུན་ནས་གསང་སྔགས་ཀྱི་མཐུ་ཅི་ལས་འབྱུང་བ་ཞུས་པ་དང་གསང་སྔགས་ཉིད་ལས་བྱུང་བར་གསུངས། དེ་ཡང་གསང་སྔགས་ཀྱི་ཆེ་བ་ལ་ཡིད་ཆེས་པའི་དད་པ་ཁོ་ན་ལ་རག་ལས། ཇོ་བོ་དད་པ་ཁོ་ནས་ཐམས་ཅད་འགྲུབ་པར་མཛད་དེ། སྔོན་གྱི་སློབ་དཔོན་དངོས་གྲུབ་ཐོབ་པ་ཐམས་ཅད་ཀྱང་དད་པ་ཁོ་ནས་ཐོབ་བྱ་བ་ལས་གདམས་ངག་ལས་ཐོབ་བྱ་བ་ཙམ་མེད། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ཀྱང་གཙོ་བོ་ཡིན། གསང་སྔགས་ཀྱི་ཚུལ་ལ་དད་པ་ཁོ་ན་གཙོ་བོ་ཡིན་གསུངས། མན་ངག་ཟེར་བ་ཀུན་ལ་མན་ངག་དད་པ་ལགས་ཀྱིས་དད་པ་ཅི་ཡོད་མཛོད་གསུངས། དད་པ་ཡོད་པས་ཀྱང་བཟླས་པ་ཉིད་ཅིག་སྐྱེལ་དགོས། དེ་ཡང་ཡི་གེ་བཅུ་པ་མན་ཆད་འབུམ་ཚོ་གཅིག་བཟླས་པས་ཕན་ཡོན་འདི་འབྱུང་ཞེས་གསུངས་པའི་རིགས་ལ་ཡི་གེའི་གྲངས་ཀྱི་འབུམ་སྐྱེལ་དགོས། དེ་ཡན་ཆད་ལ་རྩོད་པའི་དུས་སུ་སུམ་འགྱུར་བྱ་བ་དང༌། ལྔ་འགྱུར་བྱ་བ་དང༌། བརྒྱད་འགྱུར་བྱ་བ་ཡང་གསུངས། དམིགས་པ་ལ་གཏད་བཟོད་པ་དང་མི་བཟོད་པ་ཁྱད་ཆེ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིས་རང་གི་བྱང་ཆུབ་ཀྱི་ཚོགས་རྫོགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཞིན་དུ། ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ཚུལ་ལ་བརྟེན་ན། ཕྲིན་ལས་བཞི་ལ་བརྟེན། གྲུབ་པ་ཆེན་པོ་བརྒྱད་ཀྱང་བསྒྲུབས་ནས་རང་དོན་ཚོགས་རྫོགས་པ་དང་གཞན་དོན་ཕྲིན་ལས་ཀྱང་བྱེད་པ་ཡིན་ཏེ། འཇིག་རྟེན་པ་དག་དཀའ་བ་ལ་གནམ་ལ་བཏགས་པ་འདྲ་ཟེར་བའམ། ཆོས་ནས་འཇོག་པོའི་གཙུག་གི་ནོར་བུ་ལེན་པ་དང་འདྲ་ཞེས་གསུངས་པ་བཞིན་དུ། གསང་སྔགས་ཕན་ཡོན་ཆེ་ཡང་སློབ་མ་སྣོད་དང་ལྡན་པ་དང་སློབ་དཔོན་ཚད་དང་ལྡན་པ་གང་ཡང་མེད་པར་སྒྲུབ་པར་མི་ནུས། སྤྱན་སྔ་བས་གསུངས་པ་བཞིན་དུ་རང་ཅག་བུ་ཆུང་སྐྱེས་མ་ཐག་གི་ཚོད་དུ་འདུག་པ་འདིས་ཤ་འཁེངས་དང་ཟན་འཁེངས་མི་འཇུ། འཕྲིན་ལས་བཞི་བྱེད་པ་ལ་རང་གི་སྡིག་པ་དང་ཉོན་མོངས་པ་ཞི་བར་ནུས་པ་དང༌། དད་པ་ལ་སོགས་པའི་དཀར་པོའི་ཆོས་ཐམས་ཅད་རྒྱས་པར་བྱེད་ནུས་པ་དང༌། རང་གི་སེམས་ལ་དབང་ཐོབ་པ་དང༌། རང་གི་སེམས་ཀྱི་དམུ་རྒོད་ཚར་གཅོད་ནུས་པ་ཞིག་གིས་གཞན་གྱི་གདོན་ལ་སོགས་པའི་བར་ཆད་ཞི་བ་དང༌། ཚེ་དང་དབང་ཐང་ལ་སོགས་པ་རྒྱས་པ་དང༌། གཞན་དབང་དུ་བསྡུ་བ་དང༌། གཞན་བསྟན་པ་ལ་གནོད་པ་ལ་སོགས་པ་སྡིག་པ་རླབས་ཅན་ལ་འཇུག་པ་དག་ལ་སྙིང་བརྩེ་བ་ཁོ་ནས་གསད་པ་དང་དགུག་པ་དང་རེངས་པ་དང་བསྐྲད་པ་ལ་སོགས་པའི་མངོན་སྤྱོད་ཀྱི་ལས་བྱེད་པ་ཞིག་དགོས་པ་ཡིན། ད་ལྟ་བཀའ་གདམས་པའི་ལས་ཁ་ཚར་བ་ཟེར་བ་འདི་རྣམས་ཀྱང་འཕྲིན་ལས་བཞིར་འདུས་ཏེ། དུས་ཚོད་ལ་བབ་ནས་བྱེད་པ་མེད། ཟ་ཚོལ་གྱི་ཆེད་དུ་བྱེད་པ་ཡིན་པས་ཚོང་བྱེད་པ་བས་ཀྱང་ཐུ། ཚོང་ནི་རབ་ཏུ་བྱུང་བའི་ལོག་འཚོ་ཡིན་ཡང་གཞི་མ་ཐ་མལ་པ་ལ་བརྟེན་པས་ཉེས་དམིགས་ཆུང༌། འདི་གཞི་མ་ཆོས་ལ་བརྟེན་པའི་ལོག་འཚོ་ཡིན་པས་ཉེས་དམིགས་ཤིན་ཏུ་ཆེ། དམྱལ་བ་སྒྲུབ་པའི་ལས་ཁ་ཚར་བ་བྱ་བ་ཡིན། རང་ལ་དེ་རྣམས་གང་ཡང་མེད་པར་ཕྲིན་ལས་བཞི་བྱར་མི་བཏུབ། ཕ་རོལ་པོ་ལ་སྙིང་བརྩེ་བ་ཁོ་ནས་བྱས་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ཉིད་ནས་ཀྱང་མི་དགེ་བ་བདུན་བྱས་ཀྱང་སྡིག་མི་ཡོང་གི་སྟེང་དུ་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་གསུངས་པ་ཡིན། རང་གི་བུ་སྨད་བསྲུང་བའི་ཆེད་དུ་བསྟན་པ་སྲུང་པ་ལགས་ཟེར་གྱིན་མངོན་སྤྱོད་བྱས་པས་དམྱལ་བའི་སྒྲུབ་ཐབས་ལས་མི་ཡོང་བ་ཡིན། འཕྲིན་ལས་དེ་བཞིས་གྲུབ་ཆེན་བརྒྱད་སྒྲུབ་པ་ལས། བུམ་པ་བཟང་པོ་བྱ་བ་འདི་ཐམས་ཅད་ནས་གཅིག་ཏུ་བགྲང༌། དེ་མིན་བགྲང་ལུགས་ཀྱང་མི་མཐུན་པ་ཁ་ན་ཡོད། བདེ་བ་ཡིས་ནི་ཞེས་པ་གསང་སྔགས་ལམ་བདེ་བ་དང་ལམ་ཉེ་བར་གསུངས། ལེང་འབྲོག་ཀུན་བྱང་ཆུབ་གྱུར་ཤོག་ལ་རེ་བ་མེད། ལག་གིས་བྱེད་པ་ཡིན་ཟེར་སྐད་དེ། དགེ་བཤེས་སྟོན་པའི་ཞལ་ནས། ལམ་ཉེ་བ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་རང་ཁོ་ན་ཉེ་བ་ཡིན། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཚོགས་ལམ་ཕལ་པ་ཞིག་གི་བར་དུ་ཞག་རོ་ན་ཞག་བདུན་ལས་མ་བྱས། ལམ་དཔག་ཚད་ལྔ་བརྒྱར་བྱོན་པའི་དུས་ན་མཐོང་ལམ་སྐྱེས་པར་གསུངས་ཏེ། ནན་ཏར་ན་ལོ་གཅིག་རང་མ་འགོར་པའི་ཚོད་ཡིན། གསང་སྔགས་ལས་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་སློབ་མ་སྣོད་དང་ལྡན་པ་ཞིག་གིས་གདམས་ངག་ཕྱིན་ཅི་མ་ལོག་པ་མནོས་ནས་བསྒྲུབས་ན། བརྩོན་འགྲུས་ཤིན་ཏུ་དྲག་ལ་བར་མ་ཆད་པ་བྱུང་ན་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་བྱ་བ་དེ་ཙམ་ལས་མེད་པ་ཡིན། གསང་སྔགས་ཀྱི་ཆེ་བ་དབྱུང་བའི་ཆེད་དུ་དབང་མ་སྐུར་བར་ཡང་འཚང་མི་རྒྱ། དེ་གོང་དུ་མ་བསྐུར་ཡང་སངས་རྒྱ་བའི་དུས་ན་དབང་བསྐུར་དགོས་བྱ་བ་ཡོད་དེ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་ཀྱང་གསུངས་པ་དེ་ཉིད་ཡིན། ལམ་བདེ་བ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཁོ་ན་བདེ་བ་ཡིན། ངལ་གསོ་ཡིན་བྱར་ཡོད་པ་ཡིན། གསང་སྔགས་ཀྱི་སྒོར་ཞུགས་ནས་མཚོན་ཆའི་འཁོར་ལོའི་ནང་དུ་སྐྱེ་བཅུག་པ་དང་འདྲ། ཀྲུས་ཙམ་ཞིག་ཀྱང་ཡེངས་པའི་གླགས་མེད་པ་ཡིན་གསུང་བར་གདའ། ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཡང་ལྡོག་པའི་ཕྱོགས་ཀྱི་ཚུལ་ཁྲིམས་དག་ལ་ངལ་བསོར་མེད་པ་སྔར་བསྟན་པ་བཞིན་དུ་ཡིན། པུ་ཏོ་བ་ཕ་རཽལ་ཏུ་ཕྱིན་པ་ནས་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་པར་བྱ་བ་དང༌། གསང་སྔགས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བྱ་བ་གཉིས་དོན་གཅིག་པར་གསུངས། དེ་ལྟར་གསང་སྔགས་ཀྱི་བྱ་བ་བྱེད་པ་དེ་ཡང་གང་ནས་འབྱུང་ན། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞི་ལས་འབྱུང་བས། བྱ་བ་སྤྱོད་སོགས་ཞེས་པ་སྟེ། ཇོ་བོའི་ཞལ་ནས། རྒྱུད་སྡེ་བཞི་པོ་དེ་ཡང་མིའི་རིགས་བཞི་དང་བསྟུན་པ་ཡིན། རྩ་བའི་སྡེ་བཞི་ཡང་དེ་བཞིན་དུ་ཡིན། ཀྲྀ་ཡ་བྲམ་ཟེ་དང་བསྟུན་པས་ཁྲུས་དང་གཙང་སྦྲ་གཙོ་བོར་བྱ་བར་བསྟན། སྤྱོད་པའི་རྒྱུད་རྗེའུ་རིགས་དང་བསྟུན། ཡོ་ག་རྒྱལ་རིགས་དང་བསྟུན། རྣལ་འབྱོར་བླ་ན་མེད་པ་དམངས་རིགས་དང་བསྟུན་པ་ཡིན་ཏེ་ཁྱོད་བོད་ཀྱི་རྒྱུད་སྡེ་གསུམ་ལ་བརྟེན་ནས་སྒྲུབ་པ་བྱར་ཡེ་མི་བཏུབ། བྱ་བ་དང་སྤྱོད་པའི་རྒྱུད་གཉིས་ལ་གཙང་སྦྲ་གཙོ་བོར་བྱ་དགོས་པ་ཡིན་ཏེ། བོད་ཀྱི་དགེ་སློང་རབ་ཅིག་ལ་ཡང་ཨ་བ་དྷཱུ་ཏཱྀ་བ་འབྲིང་པོའི་ཚོད་ཀྱི་གཙང་སྦྲ་ལས་མེད། གསང་སྔགས་ནང་པ་སྒྲུབ་པ་ལ་ཐ་མལ་པའི་རྟོག་པ་སྤངས་པ་ཞིག་དགོས་པ་ཡིན་ཏེ། བོད་ལ་དེ་སྤངས་པ་བས་ཁ་བྲི་བ་ཡང་མེད། ཨེན་ཅིག་དྲག་ན་ཡོ་ག་དྲག་གསུང་བར་གདའ་སྟེ། བོད་ན་འདི་ཡང་ཟ་ཚོལ་གྱི་ལག་ཆར་བྱེད་པ་ལས་འདི་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་མེད་གསུངས། དེ་རྣམས་ཀྱིས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བྱ་བ་མདོ་ཙམ་དུ་བཤད་ནས། གཉིས་པ། དེ་བྱེད་པ་ལ་སྔོན་དུ་དབང་ཐོབ་དགོས་པར་བསྟན་པ་དངོས་ལ། དང་པོར་བླ་མ་མཉེས་པར་བྱ་བ་དང༌། མཉེས་ནས་དབང་བསྐུར་བ་ལས་དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་བར་བསྟན་པ་གཉིས་ཀྱི། དང་པོ་ནི། དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིན། །བསྙེན་བཀུར་རིན་ཆེན་སོགས་སྦྱྀན་དང༌། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས། དེའི་སྤྱད་པ་སྤྱོད་པར་འདོད་པ་དེའི་ཚེ་དང་པོར་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་དབང་བསྐུར་བའི་ཕྱིར་དུའམ་ཡོངས་སུ་རྫོགས་པ་སློབ་དཔོན་གྱི་དབང་བསྐུར་བའི་ཕྱིར་དུ་དབང་བླང་ཡུལ་གྱི་བླ་མ་དེ་ལ་དགེ་བཤེས་སྟོན་པས་ཇོ་བོ་ལ་མཛད་པ་བཞིན་དུ་སྒོ་གསུམ་བདེ་བ་ལ་རེག་པར་འགྱུར་བའི་ཐབས་ཀྱི་བསྙེན་བཀུར་དང་རིན་ཆེན་རིན་ཐང་མེད་པ་ལ་སོགས་པའི་དངོས་པོ་བཟང་དགུ་ཇི་སྙེད་པ་སྦྱིན་པ་ཟང་ཟིང་གི་སྒོ་ནས་དང༌། བདེན་པ་བཞིའི་ཚུལ་ལ་བླང་དོར་འཇུག་ལྡོག་གི་བཀའ་ཇི་སྐད་སྩོལ་བ་བཞིན་དུ་སྒྲུབ་པ་སྒྲུབ་པའི་སྒོ་ནས་ཏེ། དེ་དག་ལ་སོགས་པ་མདོར་ན་བླ་མ་དེ་ཉིད་གང་ལ་དགྱེས་པར་འགྱུར་བའི་བྱ་བ་དང་དངོས་པོ་ཐམས་ཅད་ཀྱིས། གཙོ་བོར་སློབ་མ་ཆོས་བཞིན་བྱེད་པའི་སྒྲུབ་པས་མཉེས་པར་འགྱུར་བའི་བླ་མ་དམ་པ་དེ་མཉེས་པར་བྱ་ཞེས་པ་སྟེ། ཤ་ར་བའི་ཞལ་ནས་རྒྱུད་སྡེ་བཞི་པོ་དེའི་རྗེས་སུ་འབྲངས་ནས་གསང་སྔགས་སྤྱོད་པ་ལ་དབང་ཐོབ་དགོས། དེ་ལ་བླ་མ་མཉེས་པར་བྱེད་དགོས་པས། དེ་ཚེ་སློབ་དཔོན་ཞེས་པ་ལ་སོགས་པ་སྟེ། སློབ་དཔོན་གྱིས་དབང་བསྐུར་བའི་ཕྱིར་ཡང་ཡིན་ཏེ། སློབ་དཔོན་གྱི་ཡིན་གསུངས་ཤིང༌། བླ་མ་མཉེས་པར་བྱེད་པའི་ཚུལ་ཡང་ཟང་ཟིང་གིས་མཉེས་པར་བྱེད་པ་དང༌། སྒྲུབ་པས་མཉེས་པར་བྱེད་པ་གཉིས་ལས། དང་པོ་ནི་བསྙེན་བཀུར་རིན་ཆེན་ཞེས་པ་སྟེ། བསྙེན་བཀུར་ནི་དགེ་བཤེས་སྟོན་པས་ཇོ་བོ་ལ་ཇ་ལན་གསུམ་གསུམ་བསྲེགས་པ་འདྲེན་མ་མྱོང༌། དེང་སང་གི་བར་དུ་མུན་པ་ལ་མ་བཞུགས། སྙེ་ཐང་ན་བཞུགས་པའི་དུས་སུ་ཇོ་བོས་ཟག་པ་ཀུན་གར་ཐོད་ཐོད་དུ་དོར་ནས་བཞུགས། དགེ་བཤེས་སྟོན་པས་བྱི་དོར་ལེགས་པར་མཛད། གཅི་བ་གསར་པས་བཀུས་དྲིས་བྱུགས་ནས་བཞག་པས་ཨ་ལེ་ང་ལ་རྒྱ་གར་ན་ཡང་ཁྱོད་ཁོ་ན་འདྲ་བའི་སློབ་མ་ཞིག་ཡོད་གསུངས་སྐད་དེ། དེ་བཞིན་དུ་བྱེད་དགོས་པ་ཡིན། རིན་ཆེན་སོགས་སྦྱིན་ནི། སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་མཉེས་བྱས་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་དུ་སྟེ། དགེ་བཤེས་སྟོན་པས་ཇོ་བོ་ལ་གསེར་ཞོ་དགུ་ལ་སྲང་རེར་བྱས་ཞོ་ཁ་ཀུན་ཡང་མཐོ་ཁྱུག་ཁྱུག་པ་བརྒྱ་རྩ་བརྒྱད་དུས་གཅིག་ལ་ཕུལ། པུ་ཏོ་བའི་ཞལ་ནས་དགེ་བཤེས་སྟོན་པའི་འོག་ནས་བླ་མ་ལ་ཞབས་ཏོག་སྟོད་ལུང་པ་ཆེ་གསུངས། དགེ་བཤེས་སྟོན་པ་བས་ཀྱང་སྟོད་ལུངས་པ་ཆེ་ལགས་སམ། དེས་སྤྱན་སྔ་ལ་གསེར་ཞོ་བཞི་ལ་བླུགས་པ་རང་སྲང་བཞི་བརྒྱ་ཕུལ་མཆི་ན་ཞུས་པ་ལ། ཨ་བ་ར་དེས་དགེ་བཤེས་སྟོན་པས་ཇོ་བོ་ལ་ཕུལ་བའི་མར་མེ་རང་ལ་ག་ན་ཉེ་གསུངས། ཟང་ཟིང་ཡང་སློབ་མའི་ཚོགས་རྫོགས་པ་འདྲེས་པའི་ཡན་ལག་ཏུ་དབུལ་དགོས་ཏེ། དངོས་སུ་སྒྲུབ་པས་མཉེས་པར་བྱེད་དགོས་པས། བཀའ་སྒྲུབ་ལ་སོགས་ཞེས་པ་ལས། སྒྲུབ་པས་མཉེས་པར་བྱེད་པ་ཡང་བཀག་ས་ནས་ལྡོག་པར་འགྲོ་བ་ཞིག་དགོས་པ་ཡིན། སུམ་པ་རྡོ་རྗེ་འབར་བྲེ་རྡོ་རྗེ་མ་བསྟད་ནས་ཡོན་འབེབས་པ་དང༌། འཁྲུག་པ་བྱེད་པའི་དཔའ་བོ་སུས་བྱས་ལ་གང་གཟབ་སྦྱིན་ཟེར་བ་ཡོད་དེ་དེས་མཉེས་པར་མི་འགྲོ །བླ་མ་དམ་པ་བྱ་བ་ཡང་སྒྲུབ་པས་མཉེས་ན་ཡིན། ཟང་ཟིང་ལ་ལྟ་བས་གསང་སྔགས་ཀྱི་བླ་མ་བས་ཚེ་ཕྱི་མ་མངོན་མཐོ་སྒྲུབ་པའི་བླ་མ་ཡང་མི་བཏུབ། དགེ་བཤེས་སྟོན་པའི་ཞལ་ནས། ཉིན་མོ་པུ་སྟི་རྟ་རྒྱབ་གཅིག་གི་སྟེང་དུ་ཞོན་ནས། ནུབ་མོ་སློབ་མར་དབང་བསྐུར། ནངས་པར་གསེར་ཞོ་ལ་སྙེག་གིན་བྱེད་པའི་ཟང་ཟིང་ལ་ལྟ་བ་དེས་བླ་མ་དམ་པ་མི་ཡོང་གསུང་བར་གདའ་གསུངས། གཉིས་པ། བླ་མ་མཉེས་ནས་དབང་བསྐུར་བ་ལས་དངོས་གྲུབ་སྒྲུབ་པའི་སྐལ་པ་ཅན་དུ་འགྱུར་བར་བསྟན་པ་ནི། བླ་མ་མཉེས་པར་གྱུར་པ་ཡིས། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་བསྐལ་ལྡན་འགྱུར། །ཞེས་གསུངས་ཏེ། དེ་ཡང་བཤད་མ་ཐག་པ་དེ་ལྟར་དུ་བྱས་པ་ལས། བླ་མ་དམ་པ་དེ་ཟང་ཟིང་དང་གཙོ་བོར་སྒྲུབ་པའི་སྒོ་ནས་ཤིན་ཏུ་མཉེས་པར་གྱུར་པ་ཡིས། ཡོངས་རྫོགས་སློབ་དཔོན་དབང་བསྐུར་ཞེས་པ་ལ་པུ་ཏོ་བ་འདི་གཅིག་ཡིན་ནམ་ཐ་དད་ཡིན་ནམ་མི་ཤེས་གསུངས་པ་གང་ལྟར་ཡང་དེ་དབང་བསྐུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ་གེགས་བྱེད་ཀྱི་སྡིག་པ་ཀུན་རྣམ་པར་དག་པའི་བདག་ཉིད་ཅན་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་སྒྲུབ་པའི་ཆེད་དུ་གསང་སྔགས་ཀྱི་བྱ་བ་བྱེད་པ་ལ་དབང་བའི་སྐལ་བ་དང་ལྡན་པ་ཉིད་དུ་འགྱུར། ཞེས་པ་སྟེ། དེ་ལ་པུ་ཏོ་བའི་ཞལ་ནས། བླ་མ་དམ་པ་ཞིག་རང་ཡོད་ནས་དེ་མཉེས་པར་བྱས་པ་ལས་དབང་ཉིད་གཤའ་མར་ཐོབ་ན་སྡིག་པ་ཐམས་ཅད་དག་པ་འདི་ཡོང་ངེས། ད་ལྟ་གབ་ཚེ་གོག་པོ་ཞིག་གི་སྟེང་དུ་ནོག་པོ་ཁ་ཆག་རྐེ་བ་བལ་གྱིས་དཀྲིས་པ་ཞིག་བཞག་ནས་སྔགས་རང་ཡང་གཤའ་མར་མི་ཀློག་པར་ཙ་ར་བ་ཙ་ར་བྱས་པས་ཀྱང་མི་འགྲུབ་དགུ་འགྲུབ་པར་སྣང་ན། གསུངས་ཞིངས། ཤ་ར་བའི་ཞལ་ནས། ད་ལྟ་གསང་སྔགས་ཀྱི་བླ་མ་དམ་པ་བས་ཕ་རོལ་ཏུ་ཕྱིན་པའི་བླ་མ་དམ་པ་ཡང་མི་རྙེད། དགེ་བཤེས་སྟོན་པ་འདའ་བའི་བསྙུན་གྱིས་ཟིན་རྗེས་ལ་སྐུ་མཆེད་ཀུན་ལ་ཞལ་ཆེམས་སུ། སངས་རྒྱས་མྱ་ངན་ལས་འདའ་བའི་དུས་ན་སྲས་དང་འཕགས་པ་ཀུན་དགའ་བོ་གཉིས་ཕྱག་གཡས་གཡོན་གྱིས་བཟུང་ནས་འདི་གཉིས་གཅིག་ང་ཡི་བུ་ཡིན། གཅིག་ཉེ་གནས་ཡིན་པས་ངས་སྐྱོང་བ་ཡིན་པ་ལ། ང་སྐུ་ཚེའི་འདུ་བྱེད་གཏོང་བས་འདི་གཉིས་ཕྱོགས་བཅུའི་སངས་རྒྱས་ལ་བཅོལ་ལོ་གསུངས་པས། བླ་མ་འདའ་བའི་དུས་ན་རང་གི་སློབ་མ་བླ་མ་རང་བས་ཡོན་ཏན་ལྷག་པའམ་མཉམ་པ་གཞན་ལ་འཆོལ་དགོས་པར་གསུངས་པ་ཡིན་ཏེ། ངས་ཁྱོད་བཅོལ་བའི་བླ་མ་བོད་ན་མ་མཐོང་བས་ཁྱེད་དག་གཉིས་གཉིས་གསུམ་གསུམ་མ་བྲལ་བར་འཁར་པ་གྱིས། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས་ཤིག་གསུངས། དེ་ཙ་ན་ཁུ་རྔོག་དང་འགར་འགོས་ལ་སོགས་པ་བཞུགས་པའི་དུས་ཡིན་ཏེ་ཡང་བླ་མ་མ་མཐོང་གསུང་ན་ད་ལྟ་ག་ལ་ཡོད། ཀུན་དགའ་བོ་ལ་སོགས་པ་དང་རང་རྒྱུད་པར་བྱས་ན་ཡང་འཕགས་པ་ཡིན། སྙིང་རྗེ་པདྨ་དཀར་པོ་ལ་སོགས་པ་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པ་དག་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་དུ་ཡང་གསུངས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་རྣམ་སྣང༌། ཉན་ཐོས་ཆེན་པོ་བརྒྱད་ནི་ཉེ་བའི་སྲས་བརྒྱད། ཡབ་ཡུམ་ཀུན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ཏུ་བསྟན་པ་ཡང་བཞུགས་པས་བཅོལ་མི་དགོས་ཏེ་ཕྱི་རབས་པ་ལ་བསྟན་པའི་ཆེད་དུ་ཡིན་གསུངས། གཉིས་པ། གང་ཟག་ཚངས་པར་སྤྱོད་པའི་རྟེན་ཅན་གྱིས་སྔགས་བླ་མེད་ལས་གསུངས་པའི་ཆགས་ལམ་གྱི་གསང་བ་དང་ཤེས་རབ་ཀྱི་དབང་བྱར་མི་རུང་བ་ལ། དངོས་ལུང་ཁུངས་ཀྱིས་བཤད་པ་དང༌། ཚངས་པར་སྤྱོད་པས་དབང་དེ་དག་བླངས་པའི་ཉེས་དམིགས་བསྟན་པ་གཉིས་ལས། དང་པོ་གང་ཟག་ཚངས་པར་སྤྱོད་པའི་རྟེན་ཅན་གྱིས་སྔགས་བླ་མེད་ལས་གསུངས་པའི་ཆགས་ལམ་གྱི་གསང་བ་དང་ཤེས་རབ་ཀྱི་དབང་བྱར་མི་རུང་བ་དངོས་ལུང་ཁུངས་ཀྱིས་བཤད་པ་ནི། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བ་ཆེན་པོས་གསུངས་པ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་འདོད་པ་སྤོང་མི་ནུས་པ་ལ་ཡོངས་སུ་རྫོགས་པའི་དགེ་བསྙེན་གསུངས་པ་དང་དོན་གཅིག་པར་གསང་སྔགས་ཀྱི་ལས་ཀྱང་ཚངས་པར་སྤྱོད་པ་ཁས་ལེན་མི་ནུས་པ་ལ་དྲང་དོན་དུ་གསུངས་པ་ཆགས་ལམ་བྱ་བ་དང༌། ཚངས་པར་སྤྱོད་པ་ཁས་བླངས་པ་རྣམས་ཀྱིས་འཇུག་པའི་ཚུལ་གྲོལ་ལམ་བྱ་བ་གཉིས་ཡོད་པ་ལས། དང་པོ་དེ་ཚངས་པར་སྤྱོད་པ་ཁས་བླངས་པ་ཚངས་སྤྱོད་དགེ་བསྙེན་ཡན་ཆད་རྣམས་ཀྱིས་བྱར་མི་རུང་བར། དང་པོའི་སངས་རྒྱས་དང༌། རྡོ་རྗེ་ཐེག་པ་དང༌། དུས་ཀྱི་འཁོར་ལོ་སྟེ། རྒྱུད་ཆེན་པོ་གསུམ་ལས་རབ་ཏུ་འབད་པས་བཀག་པ་ཁོ་ན་ལས་གནང་བ་གང་ན་ཡང་མེད་པའི་ཕྱིར། ཆགས་ལམ་ལ་བརྟེན་པའི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནི། གང་ཟག་ཚངས་པར་སྤྱོད་པས་བླང་བར་མི་བྱ། བླངས་ན་ཉེས་པ་ཅིར་འགྱུར་ཞེ་ན། གཉིས་པ། ཚངས་པར་སྤྱོད་པས་དབང་དེ་དག་བླངས་པའི་ཉེས་དམིགས་བསྟན་པ་ནི། གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་བྱུང་གྱུར་ཞིང༌། །དེ་ནི་ངན་སོང་ངེས་ལྷུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། དེ་ཡང་གལ་ཏེ་ཚངས་པར་སྤྱོད་པ་ཅན་གྱིས་ཆགས་ལམ་ལ་བརྟེན་པའི་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་དེ་དག་ལེན་ཅིང་འཛིན་ན་གང་ཟག་ཚངས་སྤྱོད་ཀྱི་དཀའ་ཐུབ་ལ་གནས་པས་དེའི་མི་མཐུན་ཕྱོགས་སྤྱད་དུ་མི་རུང་བར་སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ཐམས་ཅད་ལས་བཀག་པ་དེ་ཁྱད་དུ་བསད་ནས། སྤྱད་པར་གྱུར་པའི་ཕྱིར། ཚངས་པར་སྤྱོད་པའི་དཀའ་ཐུབ་དང་སྡོམ་པ་དེ་ཉམས་ཏེ། ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཅན་དེ་ལ་ཕམ་པ་དང་པོ་ཡི་ལྟུང་བ་དག་ནི་བྱུང་བར་གྱུར་ཞིང༌། ལས་དེའི་རྣམ་པར་སྨིན་པས་གང་ཟག་དེ་ནི་སྐྱེ་བ་ཕྱི་མ་ངན་སོང་དུ་ངེས་པར་ལྷུང་བར་འགྱུར་བས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་སྟེ། པུ་ཏོ་བའི་ཞལ་ནས། དང་པོ་ཙ་ན་རྒྱ་གར་དུ་ཡང་ཇོ་བོ་བོད་ན་གསང་སྔགས་མ་རྒྱུད་ལ་བརྟེན་པའི་མན་ངག་མཛད་ལོ་ཟེར་བ་ཐོས་པས་ལྷོད་ཀྱིས་སོང་བའི་གནོད་པ་ཆེ་བའི་ཚད་ཅིག་བྱུང་བ་ལ་ཇོ་བོའི་ཞལ་ནས་ང་ནི་རྨི་ལམ་ན་ཡང་ཇོ་མོ་སྒྲོལ་མ་ལ་ཡང་མའི་འདུ་ཤེས་འཇོག་པ་ཡིན། དེ་བཞིན་དུ་ཡིན་ནམ་མིན་ཇོ་མོ་ཉིད་ད་ལྟ་འདི་ན་བཞུགས་གསུངས་ནས། ད་ལྟ་རྭ་སྒྲེང་ན་བཞུགས་པའི་འཇིགས་པ་བརྒྱད་སྐྱོབ་དེ་དཔང་དུ་གསོལ་ནས། རྨི་ལམ་ལ་ནམ་མཁའ་ལ་བུད་མེད་ཀྱི་རྒྱན་ཆ་ལ་སོགས་པའི་སྒྲ་གྲག བུད་མེད་ལ་ལྟ་མི་རུང་སྙམ་ནས་མགོ་མར་སྨད་ནས་འདུག་ཙ་ན་ཁྱོད་མ་ལ་ཡང་མི་ལྟའམ་ཟེར་བ་ཞིག་གྲག ངའི་མ་མི་འདྲ་ན་བྱས་པ་ལ། མ་སྒྲོལ་མ་ལ་ཡང་མི་བལྟའམ་ཟེར། བལྟས་ཙ་ན་ནམ་མཁའ་ལ་ཇོ་མོ་བཞུགས་གསུངས་པས། དེ་ཐོས་པས་ཡང་རྒྱ་གར་དུ་ཡང་ཤིན་ཏུ་ཕན་པར་བྱུང་ཟེར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ལ་ཕམ་པ་དང་པོ་བྱུང་ནས། གཞུང་ངན་སྐྱོབ་པའི་ཆེད་དུ་ཚངས་པར་སྤྱོད་པས་ཀྱང་དབང་འདི་བྱར་རུང་བ་ཉིད་དུ་སྒྲུབ་པ་དབང་གི་རབ་ཏུ་བྱེད་པ་བྱ་བ་ཞིག་བརྩམས་པ་ལ། ཁོ་ངག་གི་དབང་ཕྱུག་གྲགས་པ་ཡིན་པས་རིགས་པ་ཅི་ཙམ་ཡང་རྙེད་པ་ལ། ལུང་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གང་ནས་ཀྱང་མ་རྙེད་པ་ཡིན་གསུང་བར་གདའ། བོད་དུ་ཇོ་བོ་མ་བྱོན་གོང་དུ་ཚངས་པར་སྤྱོད་པ་ཅན་ཐམས་ཅད་ཀྱང་དབང་འདི་ཁོ་ནའི་ལག་ལེན་བྱེད་པ་ཡིན་པ་ལ་ཇོ་བོ་བྱོན་ནས་ཆོས་འདི་ཀུན་བརྩམས་པ་ནས་ལག་ལེན་བཤོལ་བ་ཡིན་ཏེ་ཇོ་བོ་བཀའ་དྲིན་ཆེ་བ་ཡིན། ད་ལྟ་ཡང་སོ་སོར་ཐར་པ་ལ་ཐེ་ཚོམ་ཟ་བ་དང༌། བཀའ་གདམས་པ་ལ་ཟ་མ་དོད་པ་དག་གསང་སྔགས་ལ་སྙེག་པས་དབང་བསྐུར་འདི་ཁོ་ནའི་སྟེང་དུ་འགྲོ་བ་མིན་ནམ་སྟེ། སོ་སོར་ཐར་པ་མ་ཐུབ་པར་གསང་སྔགས་ཀྱི་དམ་ཚིག་ཐུབ་པ་མི་ཡོང༌།སོ་སོར་ཐར་པ་ཉིད་ནས་ཕམ་པ་འཆབ་སེམས་མ་སྐྱེས་པ་ལ་བསླབ་པའི་སྡོམ་པ་སྦྱིན་པ་དང་སྐྱེས་ན་སྟོབས་བཞིས་སྡིག་པ་ཟད་པར་བྱེད་པར་བྱ་བའི་ཐབས་ཡོད་པ་ཉིད་ལ་བརྟེན་ན་ཙང༌། དེ་སྔགས་ལ་ཞུགས་པས་བུབ་པ་ལས་རིམ་པ་གཅིག་མནན་པ་ཡིན། གསང་སྔགས་ཀྱི་ཕན་ཡོན་འབྱུང་བ་དམ་ཚིག་ལ་རག་ལས་པ་ཡིན། དགེ་བཤེས་སྟོན་པ་ཁྱམས་སྟོད་ན་སྐུ་རྒྱབ་གདུགས་ལ་བསྟན་ནས་ཐུགས་དམ་མཛད། དེར་སྒོམ་པ་རིན་ཆེན་བླ་མ་དང་གཉིས་ཀྱིས་དགེ་བཤེས་ཀྱིས་མི་གསན་པའི་རྩེས་བྱས་གསན་ན་དེ་གླེང་ག་ན་ཕོད་པ་ལ། བན་དེའི་མ་བཏུབ་མ་བཅད་པའི་གླ་བོ་ཁ་ཡར་བྱུང་བ་ལ། དགེ་བཤེས་ཀྱིས་གསན་ནས། ཞལ་མར་གྱུ་ནས་གོའམ་གསུངས་ནས། ད་ལྟ་ཁྱེད་སྨྲེ་སྔགས་ཆེ་སྟེ་སོ་སོར་ཐར་པ་ལ་ནི་གསོག་པོ་ཡོད་བྱ་བ་ཙམ་ཡིན། ཕལ་ཆེར་དེ་མ་ཡིན་པ་ཡིན། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ནི་གསོག་པོ་མིན་པ་ཡོད་བྱ་བ་ཙམ་ཡིན། ཕལ་ཆེར་དེ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ལ་ནི་གསོག་པོ་མིན་པ་སྲིད་བྱ་ཙམ་ཡིན་གསུངས། ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་རྣམ་པར་དག་པ་ཡིན། སོ་སོར་ཐར་པ་དང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐམས་ཅད་ལ་ཡང་རང་རང་གིས་གང་ཁས་བླངས་པའི་ཚུལ་ཁྲིམས་དག་པ་ཞིག་དགོས་པ་ཡིན། གསང་སྔགས་ཀྱི་སྒོར་ཞུགས་ན་ཡང་དམ་ཚིག་གཙང་སང་ངེ་བ་རེ་དགོས་པ་ཡིན། ད་ལྟ་ནི་སྔགས་པ་ཀུན་གྱིས་གབ་པ་བཞིན་བྱས་པས་ཀྱང་དེ་ཤེད་ནས་ཅི་ཞིག་ཡོད་དུ་རེ་ནས་ཟ་འདོད་དེ། ཁུའི་ཞལ་ནས་ཁྲི་ཁར་བླགས་ལ་ནག་ཏིངས་ཀྱིས་བཏང་རྒྱུ་ཡིན་པ་ལ་གསུང་སྐད་དེ་དེར་བླགས་ན་དེ་བཞིན་དུ་འགྲོ་བ་ཡིན། གསུངས་ཤིང་ཤ་ར་བའི་ཞལ་ནས། བོད་ཀྱི་སྔགས་ཀྱི་བཤད་པ་ཐམས་ཅད་པས་ཇོ་བོའི་བླང་མི་བྱ་ཞེས་པའི་ཚིག་གཅིག་པུུ་འདི་དགའ། བསྟན་པ་སྤྱིའི་གོ་བ་རང་ལ་འདིས་ཤིན་ཏུ་ཕན་པར་བྱུང་བ་ཡིན་གསུངས། དང་པོའི་སངས་རྒྱས་ཞེས་པ་ཤ་ར་བ་ཆེན་པོའི་གསུང་གིས་དུས་འཁོར་ལས་ལོགས་སུ་བགྲངས་པ་སྣར་ཐང་པ་བཅོམ་ལྡན་རིག་པའི་རལ་གྲིས་ལམ་སྒྲོན་རྒྱན་གྱི་མེ་ཏོག་ཏུ་གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་ལ་ངོས་བཟུང་ནས་དེ་ཉིད་རང་འགྲེལ་གྱིའང་དགོངས་པ་ཡིན་པར་འཆད་ལ།

གསུམ་པ། དབང་དེ་གཉིས་མ་བྱས་ཀྱང་སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མས་གནང་བ་ཐོབ་པ་དང༌། རང་སློབ་དཔོན་གྱི་ཆོས་དང་ལྡན་ན་སློབ་དཔོན་གྱི་བྱ་བ་བྱེད་པ་ལ་ཆོས་དབང་གཟས་པའི་ཉེས་པ་མེད་པར་བསྟན་པ་ནི། རྒྱུད་ཀུན་ཉན་དང་འཆད་པ་དང༌། །སྦྱིན་སྲེགས་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་གྱུར་ཅིང༌། །དེ་ཉིད་རིག་ལ་ཉེས་པ་མེད། །ཅེས་གསུངས་ཏེ། དེ་ཡང་གསང་བ་དང་ཤེས་རབ་ཀྱི་དབང་དེ་དག་མ་བྱས་ན་ཆོས་སྒོ་འགགས་ནས་ཉན་བཤད་ལ་སོགས་པ་མི་རུང་ངམ་སྙམ་ན། བྱང་ཆུབ་སེམས་དཔའ་གང་ཞིག་གསང་སྔགས་ཀྱི་སྒོར་ཞུགས་ནས་དེའི་རྒྱུད་ཀུན་རང་གིས་ཉན་པ་དང༌། གཞན་ལ་འཆད་པ་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང་སོགས་ཁོངས་སུ་དབང་བསྐུར་བ་དང་རབ་ཏུ་གནས་པ་ཀུན་ཡང་སྡུད་པའི་སློབ་དཔོན་གྱི་བྱ་བ་དེ་དག་བྱེད་པ་ལ་དབང་གཉིས་པོ་མ་བྱས་ཀྱང་སློབ་དཔོན་གྱི་དབང་བསྐུར་བ་རྙེད་པར་གྱུར་ཅིང་བླ་མའི་གནང་བ་ཐོབ་པ། རང་དེ་ཉིད་བཅུ་རིག་པ་ལ་སོགས་པ་སློབ་དཔོན་གྱི་ཆོས་དང་ལྡན་པའམ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རིག་པ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་པ་ལ་གོང་གི་སློབ་དཔོན་གྱི་བྱ་བ་དེ་དག་བྱེད་དུ་མི་རུང་བ་དང་བྱས་པས་ཆོས་ལ་དབང་གཟས་པའི་ཉེས་པ་ནི་ནམ་དུ་ཡང་མེད་དོ་ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། མཆོད་སྦྱིན་བྱ་བ་འདི་ཅི་འདྲ་བ་ཞིག་བྱེད་པ་རང་ཡང་མི་ཤེས། སྤྱིར་སློབ་དཔོན་གྱི་བྱ་བ་དེ་དག་བྱེད་པ་ལ་སློབ་དཔོན་གྱི་དབང་ཐོབ་པ། དེ་ཉིད་བཅུ་རིག་པ་ལ་སོགས་པ་སློབ་དཔོན་གྱི་ཆོས་དང་ལྡན་པ་བླ་མས་གནང་བ་ཐོབ་པ་ཞིག་དགོས་པ་ཡིན། དབང་ལ་ཡང་དང་པོ་དཀྱིལ་འཁོར་གྱི་ཞལ་བསྟན་པ་ཙམ་དང༌། མེ་ཏོག་གཏོར་བ་ཙམ་ལ་སོགས་པའི་དཀྲིག་གེ་བ་ཞིག་ཡོད་པ་ལགས་པར་གདའ་སྟེ། རྒྱུད་སྡེ་བཞི་པོའི་དབང་གོང་མ་ཐོབ་པས་འོག་མ་འོག་མའི་བྱ་བ་བྱར་རུང༌། དེ་ལས་ལྡོག་པ་མི་རུང་བར་གསུངས། དེ་ཉིད་རིག་པ་བྱ་བ་དཀྱིལ་འཁོར་གྱི་དེ་ཁོ་ན་དང༌། ལྷའི་དང༌། སྔགས་ཀྱི་དང༌། རྡོ་རྗེ་དང༌། དྲིལ་བུའི་དེ་ཁོ་ན་ལ་སོགས་པ་བཅུ་རིག་པའམ། ཡང་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རིག་པ་སྟེ། དེ་ལྟ་ན་མཐོང་ལམ་སྐྱེས་པའི་དོན་ཡིན། སྔོན་སྒོམ་པ་རྒྱ་མོན་གྱིས་གསང་ཕུ་བ་ལ་གསང་སྔགས་རྙིང་པའི་ཕྱི་རྒྱུད་སྤུས་འདོད་ཆུང་ཆུང་འགའ་ཞུས་པ་ལ་རིམ་པ་བྱས་སམ་གསུངས། མ་བགྱིས་ཞུས་པ་ལ། ངས་རིམ་པ་མ་བྱས་པ་ལ་གསང་སྔགས་བཤད་དུ་རུང་ངམ་མི་རུང་ཨ་ཏི་ཤ་ལ་ཞུ་ཡིས་གསུངས། ཕྱི་ཉིན་གདན་ཁ་ལ་བྱོན་ནས་ངས་ཞུས་པ་ལ་རིམ་པ་བྱས་ཀྱང་བོད་ཀྱི་རིམ་པས་གོ་མི་ཆོད། ཁྱེད་བོད་དད་པ་ཆེ་བས་གསང་སྔགས་ཀྱི་སྣོད་དུ་རུང་བའི་སློབ་མ་ཡོད་སྲིད་དེ། སློབ་མ་དབང་བསྐུར་ནུས་པའི་སྔགས་པ་མི་སྣང༌། རིམ་པ་མ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པོར་ཡོད་ལ་མི་སྤོང་ན་དེ་ཀུན་ཙམ་མཉན་དུ་རུང་གསུང་གསུངས་ནས་བཤད་པ་མཛད་སྐད། དེ་ཙ་ན་ལེང་འབྲོག་དང་འགར་འགོས་ལ་སོགས་པ་སྔགས་པ་སེངྒེ་འདྲ་བ་ཡོད་དེ་ཡང་དེ་སྐད་གསུངས་ན་ད་ལྟ་ག་ལ་ཡོད། གསང་ཕུུ་བ་ཁོང་རང་ཡང་གསང་སྔགས་གཟིགས་ཤིང་ཨ་ཏི་ཤའི་གནང་བ་འདི་ནི་ཆེས་སོ་བྱ་བ་ཚིག་སྨྲས་སུ་གསུངས། སྔགས་པ་གཞན་ཡང་གནང་བ་ཆེས་ཟེར་བ་ལགས་པར་གདའ། ཇོ་བོ་སློབ་མ་ཡོད་སྲིད་གསུངས་ཏེ། དེ་ཡང་མེད་པ་ཁ་ནས་ཡིན་ཏེ་ཡོད་ན་གནས་བརྟན་གསེར་སོ་ལ་སོགས་པ་བཞིན་དུ་སློབ་དཔོན་ཀྱང་ཡོང་བ་ཆོས་ཉིད་ཡིན། དགེ་བཤེས་སྟོན་པའི་ཞལ་ནས། ད་ལྟ་སྒྲུབ་ཐབས་འདྲ་བ་ཉན་མ་ཐག་ཏུ་ཉན་དུ་རུང་བྱས་པ་དེ་ལ་དཔག་བྱས་ནས་བཤད་དུ་འགྲོ་སྟེ། སྔར་བསྟན་པའི་སློབ་དཔོན་གྱི་ཆོས་དེ་དག་མེད་པར་གསང་སྔགས་འཆད་པ་དམྱལ་བར་མི་འགྲོ་ཁ་མེད་བྱེད་པ་ཡིན། ཕྱི་བའི་རྒྱུད་ལ་སོགས་པ་བག་ཆགས་བཞག་པའི་དོན་དུ་ཉན་པ་དང་ལྟ་བ་ཙམ་བྱང་ཆུབ་ཀྱི་སེམས་བརྟན་པོར་ཡོད་ན་རུང༌། སྒྲུབ་ཐབས་ཉིད་ཕྱམས་ཀྱིས་བསྒོམས་ན། སློབ་དཔོན་གྱི་དབང་ཐོབ་དགོས་དེ་མ་ཐོབ་པས་མི་རུང་གསུང་སྐད། ཕུ་ཆུང་བའི་ཞལ་ནས་ཁྱོད་ཀྱིས་སྒྲུབ་ཐབས་ཉན་མྱོང་ངམ་གསུངས། རླགས་ཆེ་ནས་མ་མྱོང་ལགས་དགེ་བཤེས་ལ་ཆུང་ཆུང་ཞིག་ཞུ་ལགས་ཞུས་པ་ལ། སྒྲུབ་ཐབས་བྱ་བ་ལ་ཆུང་ཆུང་ཡེ་མེད་པ་ཡིན་གསུངས། དགེ་བཤེས་སྟོན་པས་སློབ་དཔོན་གྱི་དབང་མ་ཐོབ་པར་སྒྲུབ་ཐབས་ཕྱམས་ཀྱིས་སྒོམ་དུ་མི་རུང་གསུངས་པ་ཡང༌། དེ་ཕྱམས་ཀྱིས་བསྒོམས་ན་དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དང༌། བུམ་པའི་ཆོ་ག་དང༌། གཏོར་མ་དང་སྦྱིན་སྲེག་དང༌། བསྲུང་བའི་འཁོར་ལོ་ལ་སོགས་པའི་སློབ་དཔོན་གྱི་ལས་ཐམས་ཅད་བྱེད་དགོས་པའི་དོན་ཡིན། གསང་སྔགས་ནང་བ་ནི་བལྟར་ཡང་མི་རུང་སྟེ། དགེ་བཤེས་སྟོན་པའི་ཞལ་ནས། དེས་འཁྲིག་པའི་བསྟན་བཅོས་རློན་པར་གསུངས་པས། བལྟས་ཀྱང་ཀླན་ཚུལ་བྱང་གིས་དགྱེས་པའི་རྡོ་རྗེའི་རྒྱུད་གཟིགས་ནས་སངས་རྒྱས་ཀྱིས་མ་གསུངས་ངེས་པ་ཞིག་འདུག་གིས་ཕར་ལ་བཞུགས་ཤིག་གསུངས་སྐད་དེ། ཡང་ན་དེ་བཞིན་དུ་ཡོང༌། ཡང་ན་དད་ཆེས་ནས་དེའི་ལག་ལེན་བྱེད་དུ་འགྲོ་བ་ཡིན་པས། རང་གི་ཁས་བླངས་གཉས་ཁུར་བའི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཆོས་སྤྱོད་བཅུ་བྱར་ཡོད་པ་བཞག་ནས་ཕྱི་པ་རང་ཡང་ལྟ་བའི་ཆེད་ཀ་ཡང་མི་ཆེ་བ་ཞིག་ཡོད། པུ་ཏོ་བས་མཁར་ཐོག་ཏུ་གསང་སྔགས་ཀྱི་གླེགས་བམ་མང་པོ་བཞེངས། འཕགས་སྐོར་ལ་གཟིགས་རྟོག་མང་པོ་མཛད་ནས། མདང་ད་ནང་འཕགས་པ་ཡབ་སྲས་ཀྱི་ཆོས་དེ་ཀུན་ཞིག་བལྟས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བླ་ལྷག་ཏུ་དད་པ་བྱུང༌། ཟབ་མོའི་དོན་ཐམས་ཅད་རློན་པར་བསྟན། འདི་ཀུན་ནས་གབ་པོ་འདྲ་བ་བརྡ་སྣ་ཚོགས་ཀྱིས་བསྟན་པས་གོ་དཀའ་བར་འདུག་གསུངས། འཕྲལ་ལ་གཟིགས་ཀྱིན་ད་ལྟའི་ངའི་རྒྱུད་ཚོད་འདིས་དགེ་སློང་གི་ལམ་དུ་ཡེ་མི་བཏུབ་རྟོག་ངན་ཐམས་ཅད་འཕེལ་ཏེ་ཆ་བར་སྣང་གསུངས། དགེ་བཤེས་སྟོན་པ་ཡང་གསང་སྔགས་གཟིགས་ཤིང་འདི་ཀུན་ལས་དང་པོ་བས་བྱར་ཡེ་མི་བཏུབ་བྱ་བ་ཁོ་ན་ཚིག་སྨྲས་སུ་གསུང་སྐད། ཀྲྀ་ཡའི་བུམ་པའི་ཆོ་ག་ཀུན་ཡང་སྔར་བསྟན་པའི་སློབ་དཔོན་གྱི་ཆོས་དང་མི་ལྡན་པས་བྱར་ཡེ་མི་རུང༌། པུ་ཏོ་བས་དགེ་བཤེས་སྟོན་པའི་ཐད་དུ་ལོ་བདུན་བཞུགས་པ་ལ་བུམ་པ་བཅའ་བ་ལན་གཅིག་ལས་མ་གཟིགས། དེ་ཡང་རོག་ཧོམ་པའི་བུ་ཤི་བ་ཞིག་གིས་ཁོ་བོས་ཚེ་ལས་འདས་པ་འདིའི་ཆེད་དུ་བུམ་པ་ཞིག་བཞེངས་པར་ཞུ་ཟེར་ནས་སྤུས་ཕབ་ནས་བུམ་པ་ནི་གཉིས་བཞེངས་པ་ལ། གཅིག་ལ་འདི་རྨ་བྱ་ཆེན་མོའི་གཟུངས་ལ་བརྟེན་པ་ཞིག་ཡིན་ཏེ་ཁྱེད་ཀྱིས་ཡེ་མི་ཡོང་བ་ཞིག་ཡོད་གསུངས་ནས་རྦད་ཀྱིས་བཅད། ལད་མོ་བྱས་སུ་དོགས་པར་གདའ་གསུངས། སྣུབས་ཤེས་རབ་སེངྒེ་བྱ་བ་ན་ནས་པུ་ཏོ་བས་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཆོག་ཧུར་ཕྱུང་བ་ཞིག་མཛད་པ་ལ་མ་ཕན་པར་ཤི་བས། བུམ་པའི་སྙིང་པོ་ཀུན་སོ་སྟོན་གྱི་ཕང་དུ་བསྐྱུར་ནས་འདི་རྣམས་ཨུགས་གཙོ་ཁྱེར། ཁོ་གཅེས་ནས་བྱས་པ་ཡིན་པ་ལ་སླར་ཕུལ་བ་བཞིན་དུ་སོང༌། བྱེད་པ་ལ་མི་དབང་བ་བྱས་པ་ཁོ་ནས་ལེན་གསུང་བ་ལགས་པར་གདའ། ཕྱིས་མཁར་ཕུ་པ་དང་བསྡུ་རུམ་པ་ཀུན་གཟིམས་མལ་གྱི་དབུ་སྔས་ནས་གཟུངས་ཆོག་མཛད། དགེ་བཤེས་ལ་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཁ་ཡོར་བཟློ་བ་ཞུས་པ་ཡང་ཡེ་མི་གནང་བར་ད་ལྟ་བུམ་ཆོག་ལ་སོགས་པ་བྱས་པས་ནུས་པ་འདྲ་བ་དང་འབྱུང་གིན་འདུག་པས་ཕྱི་མའི་ཉེས་དམིགས་མི་འབྱུང་སྙམ་དུ་ཡིད་བརྟན་དུ་ཡང་མེད། ཕྱི་མ་ལ་རྡོ་རྗེ་དམྱལ་བར་འགྲོ་ཡང་ད་ལྟ་ནུས་པ་འབྱུང་བ་མི་སྟོ་སྟེ། གསང་སྔགས་ཀྱི་ཆེ་བ་ཡིན་གསུངས། དགེ་བཤེས་སྟོན་པ་དེ་ནས་ཟླ་བ་གཉིས་ཙམ་ན་འདའ་བའི་ནུབ་ཅིག་ཞུགས་ངོགས་ན་བཞུགས་པའི་དུས་སུ། སྐ་བ་ཡུལ་ཤེད་དུ་བནྡེ་ན་བ་ལ་ལོ་མ་ཆོས་བྱས་ནས་རྟགས་ཐོམ་ཀླད་དུ་བཏང་བ་དང༌། བུད་མེད་དང་མནའ་བྱས་པའི་ལོ་རྒྱུས་བྱས་པ་ལ། དེ་ཀུན་མ་ལེགས་པ་བྱས་པ་བྱ་བ་ཡིན། ཕྱོགས་སྔ་མ་ཡིན་གྱིས། ཁྱེད་དག་ནད་པའི་རིམ་གྲོ་དང༌། གསོན་པའི་ཚེ་སྲོག་བསྲིང་བ་དང༌། ཤི་བ་ལ་ཕན་འདོགས་པ་རྣམས་ལ་ཇི་ལྟར་བྱེད་གསུངས་ནས་དྲི་བ་མཛད་པ་ལ་སུས་ཀྱང་ལན་ཡང་མ་སྤོབས། ཞུ་བ་ཡང་མ་སྤོབས་པའི་དུས་སུ། དེ་ཐམས་ཅད་ལ་གསང་སྔགས་ཕྱི་ནང་ཐམས་ཅད་ནས་ཐབས་དཔག་ཏུ་མེད་པ་བཤད་ནས་ཡོད་དེ། ད་ལྟ་སློབ་དཔོན་མེད་གསུངས་ནས་རྦད་ཀྱིས་བཅད་ནས། དེ་དག་ཐམས་ཅད་ལ་དཀོན་མཆོག་ལ་མཆོད་པ་དབུལ། དགེ་འདུན་ལ་བསྙེན་བཀུར་བྱ། མདོ་སྡེ་ཀློག ཁ་འབར་མའི་གཏོར་མ་བྱ། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཚ་ཚ་གདབ་གསུངས། གཡོ་རུ་སྟོད་དུ་བུམ་པ་བཟང་པོ་བསྒྲུབས་པ་དང་འཕན་ཡུལ་སྟོད་དུ་གནོད་སྦྱྀན་ཨ་པ་རཱ་ཙི་ཏ་བསྒྲུབས་པ་གཉིས་ལ་བར་ཆད་བྱུང་བ་ཅིས་ལན་ཞུས་པ་ལ་ཡང༌། སློབ་དཔོན་བྱ་བ་ཞིག་དགོས་པ་ཡིན། སྔགས་པ་བྱ་བ་གཅིག་དགོས་པ་ལགས་གསུང་སྐད་མདོ་སྡེ་ཀློག་པ་ཡང་སྐབས་གོ་རིམ་དུ་མ་བབ་པར་བཀླགས་ན་དཀྲུགས་མར་འགྲོ་བས་འུར་བང་མི་རུང་གསུངས། རྭ་སྒྲེང་དང་པུ་ཏོ་བའི་དུས་ན་ཡེ་མི་མཛད། ཀློག་སྐད་དང་མི་བྱ་སྐ་བ་རྒྱ་གར་ལད་མོ་བྱེད་པ་བཞིན་དུ་གཅོད་ལུགས་ཀྱིས་བསོད་ནམས་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཞིག་ཏུ་འགྲོ་ཉེན་ཡོད། འགུ་སྟོན་བྲེ་འོས་ཀླཽག་སྐད་བྱས་པ་ལ་ཡང་དགེ་སློང་གིས་བྱ་བ་ཞིག་ཡོད་གསུངས་ནས་པུ་ཏོ་བ་མ་མཉེས། རྭ་སྒྲེང་ན་ནད་པ་བྱུང་ཡང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་མ་གཏོགས་པ་ཐབས་གཞན་ཅི་ཡང་མི་མཛད། དེའི་དུས་སུ་དགེ་བཤེས་སྟོན་པས་ཁྱོད་རང་གི་དད་པ་ཚད་པ་ཡིན་ནོ་གསུངས་ནས། ནད་པ་དེར་ཡོང་མ་ནུས་ན་དགེ་འདུན་གྲལ་ལ་བཞུགས་ཞལ་ཆབ་འདྲེན་པའི་དུས་ན་ཁྱོད་ཀྱི་དོན་དུ་དགེ་འདུན་གདན་ལ་བཞུགས་ནས་ཞལ་ཆབ་འདྲེན་ནོ་ཟེར་བ་རེ་གཏོང༌། དེ་ནས་ཁྲུས་སྟོན་དྲངས་ནས་གསོལ་བའི་དུས་ན་དང༌། དེ་ནས་ཁྲུས་ཆབ་དྲངས་ནས་མདོ་འདོན་པའི་དུས་སུ་ཡང་སྔ་མ་བཞིན་དུ་མཛད། དེས་ཕལ་ཆེར་ཏྟ་སོས་སུ་འགྲོ། དེས་མ་སོས་ན་ད་འཆི་ཟེར་ནས་ཁོ་ཐག་གཅོད་པ་ལས་ཐབས་ཚབ་ཚུབ་གཞན་ཅི་ཡང་མི་མཛད། དགེ་བཤེས་རྣལ་འབྱོར་པའི་དུས་ན་སྒོམ་པ་དམར་པོ་བྱ་བ་ཞིག་རྐང་པ་ན་ནས་འཁྱོག་རང་ཡེ་མི་ཤེས་པར་འདུག་པའི་དུས་སུ། ནངས་པར་དགེ་འདུན་ལ་ཆོས་སྟོན་བྱེད་པའི་འཕེལ་བཏབ་པས་དེའི་ནུབ་མོ་རང་ཏྟ་སོས་སུ་སོང་ནས། ནངས་པར་ཁོ་རང་གིས་སྟོན་མོའི་ཤོམ་བྱེད་ནུས། པུ་ཏོ་བ་གདན་ཅིག་མཛད་པས་འཕྱི་མོ་ན་བཞེངས་ནས་བྱོན་ཙ་ན་ཁོ་སྟོན་མོའི་ཤོམས་བྱེད་ཅིང་སྣང༌། ཁྱོད་ན་བ་སོས་སམ་སྨྲས་པ་ལ་ཕར་སོས་ཟེར་སྐད། དགེ་བཤེས་སྟོན་པའི་ཞལ་ནས། ཁྱོད་ཇོ་བོ་བ་ད་ལྟ་ཤྲདྡྷ་ཀ་ར་བའི་ཐིག་གི་ཆོ་ག་ལ་བརྟེན་ནས་དཀྱིལ་འཁོར་ཁོ་ན་བྱེད་དེ། དེའི་ཆོ་ག་དང་ཐིག་གི་ཡན་ལག་རེ་རེ་ཚད་དུ་མ་བསྐྱལ་ན་ཡང༌། སོ་སོར་ཐར་པ་ལ་ཕམ་པ་བཞི་ཀ་བྱུང་བས་ཀྱང་བྲང་དུ་མེད་པའི་ཉེས་དམིགས་བཤད་ནས་ཡོད་པ་ཡིན་གསུངས། དགེ་བཤེས་ཉིད་དབུ་རུ་ཀླུང་དུ་མཆོད་རྟེན་བརྒྱ་པོ་ཞིག་གི་རབ་གནས་ལ་སྤྱན་དྲངས། ཇོ་བོ་ཡགས་ཀྱིས་ཞབས་ཏོག་མཛད་ནས་བྱོན་པ་ལ། གསང་སྔགས་ཀུན་ན་དཀྱིལ་འཁོར་ཁོ་ན་ཡང་མིན་པའི་རི་མོ་དང་མཛེས་པ་བྱ་བའི་ཐབས་བཤད་ནས་ཡོད་དེ། འབྲོམ་སྟོན་གྱིས་དཀྱིལ་འཁོར་བྱས་ཟེར་ནས་སྔགས་པས་ལད་མོ་བྱེད་དུ་འོང་གིས་རང་ཅག་གིས་མཎྜལ་ཁོ་ན་གྱིས་ཤིག་གསུངས། དགེ་བཤེས་ཡོག་རྫོང་དང་དཔོན་ཆོས་ཀྱི་རྒྱལ་པོ་དང་ཇོ་བོ་ཡགས་གསུམ་ལ་རིམ་པ་གནང་བར་གདའ་ན། དེའི་དུས་སུ་དཀྱིལ་འཁོར་བཞེངས་སམ། བུམ་པ་ཙམ་ལ་བརྟེན་ནམ་མ་འཚལ། དེ་མིན་གྱི་དཀྱིལ་འཁོར་བཞེངས་པ་དང་ཡེ་མ་མཛད། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་གཉན་པ་ཟབ་པ་གླེགས་བམ་ལའང་རེག་ཏུ་མི་བཏུབ་པ་ཙམ་དུ་དགོངས་པར་གདའ། དེ་བས་ན་འདི་རྟེན་རང་སུ་རུང་ལ་བྱས་པས་མི་ཡོང་ཁྱད་པར་ཅན་ཞིག་དགོས་པ་ལགས་གསུངས། དེ་རྣམས་ཀྱིས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླང་པའི་ཐབས་ཀྱང་བཤད་ཟིན་ནས།


previous(༢) ཐེག་པ་ཆེན་པོའི་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས།no next