Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་། མཆོག་གྱུར་་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་། མཆོག་གྱུར་་གླིང་པ།next

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་། མཆོག་གྱུར་་གླིང་པ།


RTZ010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་བཞུགས་སོ༔ སྤྲོས་མེད་དོན་གྱི་རྣལ་འབྱོར་པས༔ རྒྱུན་གྱི་རྣལ་འབྱོར་སྙིང་པོ་ནི༔ དབེན་པར་བསམ་གཏན་སྣོད་རུང་བའི༔ ཡན་ལག་ཐམས་ཅད་ཚོགས་པར་བྱ༔ དེ་ནས་རྩེ་གཅིག་ཏིང་འཛིན་གྱིས༔ ལྷ་སྔགས་ཡེ་ཤེས་དོན་ལ་འཇུག༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་ཡེ་ཤེས་ཀུན་ཏུ་སྣང༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿལས་འོད་འཕྲོས་པས༔ སྣང་སྲིད་ཐམས་ཅད་པདྨ་དྲྭ་བའི་ཞིང༔ ངོ་མཚར་བཀོད་པ་བསམ་ཡས་དཀྱིལ་འཁོར་དབུས༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་བདག་ཉིད་སྐད་ཅིག་གིས༔ མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་དཀར་དམར་ཞི་ཁྲོའི་ཉམས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་མཁའ་ལ་འཕྱར༔ གཡོན་པས་མཉམ་གཞག་བདེ་སྐྱོང་ཚེ་བུམ་བསྣམས༔ གསང་ཡུམ་སྦས་ཚུལ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ པད་ཞྭ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔ ཞབས་གཉིས་རོལ་སྟབས་འཇའ་ཟེར་ཀློང་ན་འགྱིང༔ སྤྱི་བོར་ལོངས་སྐུ་སྤྱན་རས་གཟིགས་དབང་དང༔ རིགས་


RTZ010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་པོ་ཚེ་དཔག་མེད་མགོན་བཞུགས༔ སྟེང་འོག་ཕྱོགས་མཚམས་རྣམ་འཕྲུལ་བཅུ་གཉིས་དང༔ རྩ་གསུམ་ཆོས་སྲུང་རྒྱ་མཚོ་སྤྲིན་ལྟར་གཏིབས༔ དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྲུབ་པའི༔ རིགས་བདག་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྲིད་ཞིའི་ཚེ་བཅུད་ཀུན་འདུས་རང་ལ་ཐིམ༔ འཕགས་མཆོག་འགྲོ་འདུལ་ཐུགས་རྗེའི་ཆོ་འཕྲུལ་གྱིས༔ རིགས་དྲུག་འགྲོ་བའི་སྡུག་བསྔལ་རྒྱུ་བཅས་སྦྱངས༔ རང་ཉིད་རིགས་འདུས་བླ་མའི་ཐུགས་ཀ་རུ༔ གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་དོན་ཀུན་བྱས༔ ཕྱི་སྣོད་དག་པ་རབ་འབྱམས་འོག་མིན་ཞིང༔ ནང་བཅུད་སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་ལྷ༔ སྒྲར་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ ཐུན་མོང་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ༔ མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་ངང༔ འཆི་མེད་སྐུ་གསུམ་གོ་འཕང་ཐོབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབྲུ་གསུམ་སྐུ་གསུམ་དབྱེར་མེད་ལ༔ བཛྲ་གུ་རུ་རིགས་ཀྱི་གཙོ༔ པདྨ་དཀྱིལ་འཁོར་འཁོར་ལོར་སྣང༔ སིདྡྷི་ཧཱུྃ་ཞེས་དངོས་གྲུབ་བསྐུལ༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི༔ རྡོ་རྗེའི་སྔགས་འདིས་ལས་ཀུན་བྱེད༔ ཐུན་མཐར་རིགས་འདུས་བླ་མ་ལ༔ གསོལ་བ་གདབ་ཅིང་ཐུགས་


RTZ010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བསྲེ༔ དགེ་ཚོགས་བསྔོ་སྨོན་རྒྱ་ཡིས་གདབ༔ ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ གོང་གི་སྐྱབས་སེམས་དང་བསྔོ་སྨོན་ཤིས་བརྗོད་འདི་དག་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ནས་ཁ་བསྐང་བའོ། །མཆན། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ དུས་ཀུན་རྩ་བའི་བླ་མ་དང༔ བདག་ཉིད་ཆེན་པོ་པདྨ་ལ༔ དབྱེར་མེད་གསོལ་འདེབས་མོས་གུས་ཀྱིས༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ཡང་དག་པའོ།། །།


previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་། མཆོག་གྱུར་་གླིང་པ།next