གསང་ཐིག་སྙིང་པོའི་སྐོར་བདུན་ལས་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་གྲོལ་བྱེད་ཁྲིད་ཡིག་འདུས་གསལ་དུ་བཀོད་པ་རྣམ་གྲོལ་ཐིག་ལེ། བསྟན་གཉིས་གཡུང་དྲུང་གླིང་པ།
གསང་ཐིག་སྙིང་པོའི་སྐོར་བདུན་ལས། བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་གྲོལ་བྱེད་ཁྲིད་ཡིག་འདུས་གསལ་དུ་བཀོད་པ་རྣམ་གྲོལ་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །
ན་མོ་རཏྣ་གུ་རུ་ཝེ། གང་གི་རྣལ་འབྱོར་ཡིད་ལ་བྱས་ཙམ་གྱིས། །སྲིད་པའི་འཁྲུལ་འཁོར་བདེ་བླག་འཇིག་མཛད་པ། །སངས་རྒྱས་ཀུན་དངོས་བདེ་བ་ཆེན་པོའི་ཞབས། །སྙིང་གི་ཆུ་སྐྱེས་ཟེའུ་འབྲུར་རྟག་བཞུགས་གསོལ། །སྟན་ཐོག་གཅིག་ཏུ་ལུས་ངག་ཡིད། །རྡོ་རྗེ་གསུམ་དུ་སྨིན་བྱེད་པའི། །གྲོལ་ལམ་མཆོག་འདིར་སྐལ་ལྡན་ཀུན། །ཞུགས་ལ་གཏན་བདེའི་ངལ་བསོས་ཤིག །གཏེར་བྱོན་བླ་མའི་སྒྲུབ་ཐབས་སྔ་ཕྱིར་བྱུང་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་འོད་ཀྱི་ཐིག་ལེའི་སྤྱི་དོན་གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཉམས་སུ་བླང་བའི་ཚུལ་ལ་གསུམ། རྒྱུད་རྣམ་པར་དག་པ་སྔོན་འགྲོ། སྒོ་གསུམ་གྲོལ་བར་བྱེད་པ་དངོས་གཞི། སྤྱོད་ཡུལ་ལམ་དུ་ཁྱེར་བ་རྗེས་ཀྱི་ཁྲིད་རིམ་མོ། །དང་པོ་སྔོན་འགྲོ་ལ་གཉིས། ཐུན་མོང་བློ་ལྡོག་རྣམ་བཞི། ཐུན་མིན་གསག་སྦྱོང་གི་རིམ་པའོ། །དང་པོ་ནི། གཞུང་ལས། དབེན་ཞིང་རང་དབང་འདུ་བའི་སར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ལུས་ངག་ཡིད་གསུམ་རྣལ་དུ་དབབ༔ དལ་འབྱོར་རྙེད་དཀའ་འཇིག་སླ་དང༔ ལས་འབྲས་འཁོར་བའི་ཉེས་དམིགས་བསམ༔ ཞེས་གསུངས་ཏེ། སྤྱིར་བསམ་གཏན་སྒོམ་པ་ལ་ལུས་ངག་ཡིད་གསུམ་དབེན་དགོས། དེ་ལ་མཐུན་པའི་རྐྱེན་གྱི་གཙོ་བོ་
གནས་དབེན་པ་གལ་ཆེ་བས། དགྲ་རྐུན་དང་སྐྱེ་བོའི་རྒྱུ་འགྲུལ་སྒྲའི་ཀླག་ཅོར་མེད་ཅིང་གཞན་གྱིས་བདག་ཏུ་མ་བཟུང་བས་རང་དབང་འདུ་ལ་ཉམས་དགའ་ཡིད་དང་མཐུན་པ་ཞིག་ཏུ་གནས་བཅས་ཏེ། བདེ་བའི་གདན་ལ་ལུས་གནད་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད། ངག་གནད་ཐུན་འགོར་རླུང་རོ་ལན་གསུམ་འབུད་ལ་སྒོ་གསུམ་གྱི་སྡིག་སྒྲིབ་ཕྱིར་སང་གིས་དག་པར་མོས། སེམས་གནད་གདོད་ནས་དག་པའི་སྟོང་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་ཡིད་ཡུལ་དུ་བྱས་ཏེ། མདོ་དང་ཐུན་མོང་བའི་སྔོན་འགྲོ་རིམ་པ་བཞིའི་ཐོག་མར་དལ་འབྱོར་རྙེད་དཀའ་བསམ་པ་ནི། ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར། །ཞེས་གསུངས་པ་ལྟར། ལྷ་ལས་ཀྱང་ལྷག་པའི་མི་ལུས་རིན་པོ་ཆེ་མི་ཁོམ་པའི་གནས་བརྒྱད་ལས་ལོག་པའི་དལ་བ་བརྒྱད་དང་། རང་གཞན་གྱི་འབྱོར་པ་ཕུན་སུམ་ཚོགས་པ་བཅུ་དང་ལྡན་པ་འདི་ནི་རྒྱུ་དང་དཔེ་དང་གྲངས་དང་ངོ་བོའི་སྒོ་ནས་ཤིན་ཏུ་རྙེད་པར་དཀའ། རྙེད་པ་དེས་ཀྱང་ཕན་འདོགས་ཀྱི་དོན་ཆེན་པོ་དང་ལྡན་པ་ཡིན་ལ། འདི་ལྟ་བུ་ད་རེས་ཐོབ་པར་གྱུར་པའི་ཚེ་གཏན་
དུ་ཕན་ངེས་པའི་འདུན་མ་ཞིག་མི་བསྒྲུབ་པར་ལྟར་སྣང་འཇིག་རྟེན་གྱི་བྱ་བཞག་ཟིན་དུས་མེད་ཅིང་ཟིན་ཀྱང་འཁོར་བ་དང་ངན་འགྲོ་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་པ་ལས་ནམ་ཕུག་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ཉིད་ཀྱི་དབང་དུ་ཤོར་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་སྟོར་བ་ལས་ཀྱང་གྱོང་ཚབས་ཆེ་སྟེ། ཚེ་ཕྱི་མ་ཕན་ཆད་དུ་ནི་འདི་ལྟ་བུའི་རྟེན་ནམ་ཡང་རྙེད་པར་དཀའ་བས། ད་ལན་བརྒྱ་ལམ་ལན་གཅིག་འདིར་མི་ལུས་ཁྱད་པར་ཅན་ཐོབ། བླ་མ་དགེ་བའི་བཤེས་གཉེན་དང་མཇལ། དམ་པའི་ཆོས་ཐམས་ཅད་ཀྱི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པ་དང་འཕྲད། ཆོས་བྱེད་པའི་དབང་རང་ལ་ཡོད་པའི་སྐབས་འདིར་དོན་མེད་ཆུད་ཟོས་སུ་མ་ཤོར་བར་ནམ་བཞག་གཏན་གྱི་འདུན་མ་དམ་པའི་ཆོས་ཟབ་མོ་ཞིག་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་པའི་དམ་བཅའ་དྲག་པོ་བྱ་དགོས་ཏེ། མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་འདི་ཚོགས་ཀྱིས་རྙེད་པ་ཡིན། །ཨེ་མ་དལ་བ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་ངེས་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསམ་པ་ནི། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་
གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་གསུངས་པ་ལྟར། སྤྱིར་ཁམས་གསུམ་སྲིད་པ་གསུམ་གྱིས་བསྡུས་པའི་གནས་འདིར་རྟག་བརྟན་དུ་གནས་པ་ནི་གཅིག་ཀྱང་མེད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཆགས་གནས་འཇིག་སྟོང་། ནང་བཅུད་ཀྱི་སེམས་ཅན་ལ་སྐྱེ་རྒ་ན་འཆི། ནམ་ཟླ་དུས་བཞི་དང་ཉིན་མཚན་སྐད་ཅིག་གིས་འགྱུར་ལྡོག་སོགས་སྟོན་ཀའི་སྤྲིན་ཕུང་བཞིན་དུ་སྐད་ཅིག་གིས་གཡོ་ཞིང་མི་བརྟན་པའི་ངང་ཚུལ་ཅན་ཡིན་ལ། ཁྱད་པར་སྲོག་དབུགས་ཀྱིས་བསྡུས་པའི་འགྲོ་བ་རྣམས་སྐྱེས་ཟིན་ནས་འཆི་བ་ལས་མ་འདས། དེའང་འདི་ཙམ་སྡོད་ཀྱི་དུས་བཏབ་སུ་ལའང་མ་མཆིས་པས་ནམ་འཆི་ཆ་མེད་པ་གར་མཁན་གྱི་ལག་པས་གར་བསྒྱུར་བའམ། འཆི་རྐྱེན་ཤིན་ཏུ་མང་བས་ཚེ་སྲོག་མྱུར་དུ་ཡལ་བ་ནམ་མཁའ་ལ་གློག་ཤར་བ་དང་མཚུངས་ཤིང་། སྐད་ཅིག་རེ་རེས་ཀྱང་འཆི་བ་ལ་ཇེ་ཉེར་འགྲོ་བ་རི་གཟར་པོ་ལ་ཆུ་འབབ་པའམ། ཉི་མ་རྒས་པའི་གྲིབ་སོ་དང་འདྲ་བས་མྱུར་དུ་འཆི་བ་ལ་བྲེད་སྔངས་དྲག་པོས་ལོངས་ཡོད་དང་བཏང་སྙོམས་ཀྱི་དབང་དུ་མ་ཤོར་བར་སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་ཚེ་འདིའི་བྱ་བ་འདི་ལིང་གིས་བོར་ཏེ་དམ་པའི་ཆོས་ད་ལྟ་ཉིད་ནས་བསྒྲུབ་སྟེ་་བརྩོན་འགྲུས་ཆེན་པོས་སྒོ་གསུམ་དགེ་བའི་བྱ་བ་འབའ་ཞིག་པ་ལ་
འཇུག་པའི་དམ་བཅའ་བྱ་བ་གལ་ཆེ་སྟེ། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར་རོ། །གསུམ་པ་ལས་འབྲས་ལ་བསམ་པ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་ཏེ། རང་འཆི་བའི་རྗེས་སུ་ཁུངས་མེད་དུ་འགྲོ་བའམ། གར་སྐྱེ་རང་དབང་འདུས་པ་ཞིག་ཡིན་ན་སྐྲག་རྒྱུ་ཅི་ཡོད་དེ། དེ་ལྟར་མི་འགྱུར། འཆི་བའི་དུས་ལ་བབས་ནས་ཕ་རོལ་དུ་འགྲོ་བའི་ཚེ་ལོངས་སྤྱོད་ཟས་ནོར་རི་ཙམ་ཡོད་ཀྱང་ཁབ་སྐུད་ཙམ་ཡང་ཁྱེར་དབང་མེད། མཛའ་གྲོགས་གཉེན་འདུན་འཁོར་གཡོག་ཇི་ཙམ་ཡོད་རུང་མི་གཅིག་རོག་དན་ཏུ་ཁྲིད་པའི་དབང་མེད། ལུས་བེམ་པོ་ཤུལ་དུ་ལུས། རྣམ་ཤེས་བར་དོར་འཁྱམས་པའི་ཚེ་ད་ལྟའི་དགེ་སྡིག་གི་ལས་ཅི་བྱས་ལྷན་ཅིག་ཏུ་འགྲོགས་ཏེ། དེའང་དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་སོགས་བདེ་བ་མྱོང་། སྡིག་པའི་ལས་ཀྱིས་ངན་སོང་དུ་སྐྱེ་བ་སོགས་
སྡུག་བསྔལ་མྱོང་། རང་གིས་མ་བྱས་པའི་ལས་དང་མི་འཕྲད། བྱས་པ་ཅུང་ཟད་ཙམ་ཡང་ཆུད་མི་ཟ། དཀར་ནག་གི་ལས་འབྲས་གོ་ལོག་མི་སྲིད་པས་རང་རྒྱུད་ལ་སོ་སོར་སྨིན། རྒྱུ་ལས་བསགས་པ་ཆུང་ངུ་ལས་མེད་ཀྱང་འབྲས་བུ་ཆེན་པོར་སྨིན་པས་རྣམ་པ་ཀུན་ཏུ་དགེ་བ་ཕྲ་ཞིང་ཕྲ་བ་ནས་གསག །སྡིག་པ་ཕྲ་ཞིང་ཕྲ་བའང་འཛེམ་ཞིང་བླང་དོར་ལ་བརྩོན་པར་བྱ་དགོས་ཏེ། མདོ་སྡེ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཅེས་སོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། འདུལ་བ་ལུང་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཅེས་དང་། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་ཏེ། དེ་ལྟར་ལས་འབྲས་ལ་ངེས་པ་རྙེད་ནས། དགེ་སྡིག་བླང་དོར་བྱས་པས་མཐོ་རིས་ཀྱི་བདེ་བ་ལ་སྤྱོད་པས་ཆོག་
གམ་སྙམ་ན་མི་ཆོག་སྟེ། འཁོར་བ་འདི་ནི་མ་རིག་པས་རྒྱུ་བྱས། འདོད་སྲེད་ཀྱིས་རྐྱེན་བྱས་ཏེ་སྲིད་པ་གསུམ་གྱི་འཁྲུལ་སྣང་ཤར་ནས་ལྷ་མི་གཉིས། བྱོལ་སོང་ཡི་དྭགས་དམྱལ་བ་སྟེ་ངན་སོང་གསུམ། ལྷ་མིན་སྟོད་རིས་ལྷ་དང་སྨད་རིས་ཡི་དྭགས་སུ་འདུས་པ་བཅས་འགྲོ་བ་རྒྱུད་ལྔ་པོ་དེ་དག་རྣམས་སུ། དཔེར་ན་རྫ་མཁན་གྱི་འཁོར་ལོ་འཁོར་བ་བཞིན་ཐོག་མ་མེད་པ་ནས་ད་ལྟའི་བར་ཡང་ནས་ཡང་དུ་སྐྱེས་ཤིང་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་རྟག་ཏུ་སྤྱོད། ད་རུང་ཡང་མཐའ་མེད་པའི་འཁོར་བར་འཁྱམས་ཤིང་སྡུག་བསྔལ་མྱང་བར་འགྱུར་ཏེ། མཐོ་རིས་ན་འགྱུར་བའི་སྡུག་བསྔལ། ངན་སོང་གསུམ་ན་སྡུག་བསྔལ་གྱི་སྡུག་བསྔལ། སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་བ། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་ཉེས་ཅན་བཙོན་དོང་དུ་ཆུད་པའམ། གཅོང་ཆེན་གྱིས་ཟིན་པའི་ནད་པ་ལྟར་བདེ་བའི་གོ་སྐབས་ནམ་ཡང་མེད་པས་ད་རེས་འཁོར་བའི་རྒྱ་མཚོ་འདི་ལས་ཐར་ནས་གཏན་གྱི་བདེ་བ་ཐོབ་ངེས་པའི་དམ་པའི་ཆོས་བསྒྲུབ་པ་ལ་བརྩོན་འགྲུས་དྲག་པོ་བྱ་བའི་བློ་ཐག་ཆོད་པ་དགོས་ཏེ། རྒྱལ་ཚབ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་
ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བཞི། ཐར་པའི་ལམ་དུ་གཞུག་པ། འགལ་རྐྱེན་སྡིག་ལྟུང་སྦྱོང་བ། མཐུན་རྐྱེན་ཚོགས་གཉིས་སྤེལ་བ། ཁྱད་པར་བྱིན་རླབས་འབེབ་པའོ། །དང་པོ་ལ་གཉིས་ཏེ་གཞུང་ལས། ངེས་འབྱུང་མཆོག་གིས་མཚམས་སྦྱར་ལ༔ བསླུ་མེད་དཀོན་མཆོག་སྐྱབས་སུ་འགྲོ༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ ཅེས་གསུངས་ཏེ། དང་པོ་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་སུ་འགྲོ་བའི་ཁྲིད་ནི། སྔར་སྨོས་པ་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ཐར་དུས་མེད་པར་བྱིང་བ་ལས་ངེས་པར་འབྱུང་བ་དང་། སྐྱོ་ཤས་བཟོད་གླགས་མེད་པས་བསྐུལ་ཏེ་ད་རེས་ཅི་ནས་ཀྱང་འཁོར་བ་འདི་ལས་ཐར་པ་ཞིག་བྱ། དེའང་རང་སྟོབས་ཀྱིས་ཐར་མི་ཐུབ། འདི་ལས་སྐྱོབ་ཅིང་འདྲེན་པར་ནུས་པ་འཇིག་རྟེན་གྱི་ཆེན་པོ་སོགས་སུ་ལའང་མེད། རང་ཉིད་སྲིད་མཚོ་ལས་བརྒལ་ནས་གཞན་སྐྱོབ་ཅིང་འདྲེན་ནུས་པའི་སྐྱབས་གནས་བསླུ་བ་མེད་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པས་དེ་ལ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་དགོས་ཤིང་། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྐབས་འདིར་རིགས་ཐམས་ཅད་ཀྱི་
ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ཉིད་ལས་སྐྱབས་གནས་གཞན་ཚོལ་མི་དགོས་ཏེ། དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཏེ་དཀོན་མཆོག་ཀུན་འདུས་ཀྱི་རང་བཞིན་དུ་བཞུགས་པའི་ངེས་ཤེས་བརྟན་པོས་སྐྱབས་འགྲོ་བྱ་བ་ཡིན། དེ་ཉམས་སུ་ལེན་པ་ན། ཐོག་མར་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་གསལ་གདབ་པ་ནི། ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མདུན་གྱི་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་རབ་ཏུ་རྒྱས་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། འཛུམ་ཞིང་དགྱེས་པའི་ཞལ་ཅན་སྤྱན་གཉིས་ལྟ་སྟངས་ཟླུམ་པོར་གཟིགས་པ། དབུ་ལ་སྡེ་སྣོད་གསུམ་མཚོན་པའི་པཎ་ཞྭ་དམར་པོ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་རྣམ་གསུམ་ཟབ་བེར་རྣམས་བརྩེགས་མར་གསོལ་བ། ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེ་མེར་མེར་འཁྲིགས་པ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོར་མོས། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག་ནི། སྐྱབས་ཡུལ་དཀོན་
མཆོག་ཀུན་འདུས་དེ་ཉིད་ཀྱི་མདུན་དུ་རང་དང་གཡས་གཡོན་མདུན་རྒྱབ་རྣམས་སུ་ཚེ་འདིའི་ཕ་མ་དགྲ་གཉེན་གྱི་གཙོ་བོར་གྱུར་པའི་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཁྲོམ་ཆེན་པོ་ཚོགས་པ་བཞིན་འཁོད་དེ། སྐྱབས་སུ་འགྲོ་བའི་ཚུལ་ནི། ལུས་གུས་པས་ཐལ་མོ་སྦྱར། ངག་གིས་སྐྱབས་སུ་འགྲོ་བའི་ཚིག་བརྗོད་ཅིང་། ཡིད་ཀྱིས་དུས་འདི་ནས་བྱང་ཆུབ་མ་ཐོབ་བར་དུ་མཐོར་གཏང་དམར་གཏང་བླ་མ་སངས་རྒྱས་ཀུན་འདུས་ཁྱེད་མཁྱེན་སྙམ་པའི་བསམ་སྦྱོར་ལྷན་ཅིག་བྱེད་པར་མོས་ལ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་པ་ལ་གྲངས་གསག །མཐར་ཐུན་འཇོག་པའི་ཚེ། བླ་མའི་སྐུ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་ཐུགས་རྗེའི་བྱིན་རླབས་རྒྱུད་ལ་ཞུགས། སེམས་ཅན་རྣམས་དག་པའི་ཞིང་དུ་སོང་། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ལ་ངོ་བོ་བསྐྱང་། ཐུན་ལས་ལྡང་བ་ན་དགེ་བསྔོ་བཅས་ཕྱི་མ་རྣམས་ལའང་རིགས་འགྲེ །འདི་ཉིད་ཆེད་དུ་གསོག་སྐབས། ཉལ་ཁར་སྐྱབས་ཡུལ་མི་བསྡུ་བར་དེ་ཉིད་ལ་མགོ་ཕྱོགས་ཏེ་ཉལ་བར་མོས་
ལ། མོས་གུས་ཀྱི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །གཉིས་པ་ལམ་དམན་པ་ལས་ལྡོག་པ་སེམས་བསྐྱེད་པའི་ཁྲིད་ནི། འདི་ལྟར་རང་ཅག་རྣམས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ལུས་གྲངས་མེད་པ་བླངས་པའི་སྐབས་སུ་སེམས་ཅན་འདི་ཐམས་ཅད་ཀྱིས་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། བྱས་རེས་སུ་ཕན་བཏགས་པ་ལ་ད་ལྟའི་ཕ་མ་དང་ཁྱད་པར་ཅུང་ཟད་མེད། ནམ་མཁའི་ཁམས་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་དང་མུ་མེད། དེ་ཐམས་ཅད་བདེ་བ་འདོད་པ་མཉམ། སྡུག་བསྔལ་མི་འདོད་པ་མཉམ་ཡང་འཁྲུལ་པའི་དབང་གིས་ཐབས་ལ་མི་མཁས་པས་ཞེ་འདོད་དང་ ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས ་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་པས་ཡང་ནས་ཡང་དུ་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁྱམས་ཏེ་སྡུག་བསྔལ་ཁོ་ན་ལ་སྤྱོད་པ་སྙིང་རེ་རྗེ་སྙམ་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་སྔོན་དུ་འགྲོ་བས་ཕ་མ་སེམས་ཅན་འདི་ཐམས་ཅད་གཏན་གྱི་བདེ་བ་དམ་པ་བླ་མ་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན་གྱི་གོ་འཕང་ལ་བདག་ཁོ་ནས་དགོད་པར་བྱའོ་སྙམ་དུ་སྨོན་པ་སེམས་བསྐྱེད་པ་དང་། དེའི་ཐབས་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པར་གསུངས་པ་རྣམས་ཀྱི་ནང་ནས་མཆོག་དང་ཕུལ་དུ་གྱུར་པའི་མྱུར་ལམ་ཟབ་མོ་བླ་མ་སངས་རྒྱས་སྐུ་བཞིའི་གོ་འཕང་མྱུར་བ་ཉིད་དུ་བསྒྲུབས་ནས་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པའི་ཐབས་ཀྱི་
རིམ་པས་ནམ་ཡང་སྐྱོ་ངལ་མེད་པར་སེམས་ཅན་གཅིག་ཀྱང་མ་ལུས་པ་འཁོར་བ་ལས་བསྒྲལ་ཏེ་ཡེ་ཤེས་བླ་མའི་ས་ཆེན་པོ་ལ་འགོད་པར་བགྱིའོ་སྙམ་དུ་འཇུག་པ་སེམས་བསྐྱེད་གསལ་བཏབ་ལ་ངག་ཏུ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཞེས་ལན་ཅི་ནུས་སུ་བརྗོད། ཐུན་མཐར་དབུགས་དབྱུང་རྔུབ་དང་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་བསྒོམས་ལ་ཡུལ་སེམས་ཅན། སྒོམ་མཁན་རང་། སེམས་བསྐྱེད་གསུམ་ཀ་རང་གདོད་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །གཉིས་པ་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སྤྱིར་རང་རེ་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཆེན་པོས་ནོན་པའི་སྟེང་དུ་ཚེ་འདིར་ཡང་འདི་ནས་ད་ལྟ་ཕན་ཆད་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ཚབས་ཆེན་པོས་ནོན་ནས་མཐོ་རིས་དང་ཐར་པ་ཐོབ་པ་ལ་སྒྲིབ། ཡོན་ཏན་སྐྱེ་བའི་གེགས་བྱེད། ཚེ་འདིར་མི་འདོད་པ་རྣམས་དང་ཕྱི་མ་ངན་སོང་དུ་ལྟུང་བའི་རྩ་བ་བྱེད་པའི་སྡིག་པ་སྦྱོང་བའི་ཐབས་ལ་ཅི་ནུས་ཀྱིས་འབད་དགོས། སྦྱོང་བྱེད་ཐབས་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་ཅིང་ཉམས་སུ་ལེན་བདེ་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཉིད་
ཁྲིད་རིམ་ཀུན་གྱི་ཐོག་མར་འབྱུང་། དེའང་སྟོབས་བཞི་ཚང་བའི་བཤགས་པ་རེ་རེས་ཀྱང་སྡིག་པའི་ཕུང་པོ་རི་བོ་ཙམ་སྦྱོང་ནུས་པར་གསུངས་པས་འདི་ལྟར་གསལ་གདབ་པར་བྱ་སྟེ། རང་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ངོ་བོ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པའི་ཉམས། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་། གཡོན་དྲིལ་བུ་དཀུར་བསྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་ཕྱེད་སྐྱིལ་གྱིས་ཡེ་ཤེས་འོད་ལྔ་རབ་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཀུན་འདུས་སུ་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐར་སྐོར་དུ་ཡི་གེ་བརྒྱ་པའི་སྔགས་རྣམས་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་གཡས་སྐོར་སྦྲུལ་འཁྱིལ་པའི་རྣམ་པར་འཁོད་པར་བསྒོམས་ལ། གཏེར་གཞུང་ཚིག་གིས་གསལ་གདབ་པ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་ཟུང་ཕྱེད་པའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་
ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ ཞེས་ནན་ཏན་དུ་གསལ་བཏབ་སྟེ་རྟེན་གྱི་སྟོབས་སོ། །སྔོན་ཆད་བྱས་པའི་སྡིག་པ་མི་དགེ་བའི་ལས་ལ་ངོ་ཚ་བའི་གནོང་བས། རང་ཉིད་ཕུང་བའི་ལས་ལ་འགྱོད་པ་དྲག་པོ་བྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་འདི་ལྟ་བུའི་བྱ་བ་ངན་པ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་དམ་བཅའ་བརྟན་པོ་བྱ་བ་ཉེས་བྱས་ལས་ཟློག་པའི་སྟོབས་དང་ལྡན་པས། དཔལ་ལྡན་བླ་མ་རྡོ་རྗེ་སེམས༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ སྡིག་ལྟུང་གནོང་འགྱོད་དྲག་པོས་བཤགས༔ བྱང་ཞིང་དག་པར་བྱིན་གྱིས་རློབས༔ ཞེས་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་རྡོ་རྗེ་སེམས་དཔའི་སྐུ་དང་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་བདུད་རྩིའི་རྒྱུན་ནར་གྱིས་བབས། རང་གི་སྤྱི་བོ་ཚངས་པའི་ལམ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ། ནད་རྣམས་རྣག་ཁྲག །གདོན་རྣམས་སྲོག་ཆགས་འབུ་སྲིན་འཇའ་ཚོན་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ཏེ་རྒྱང་རིང་དུ་ཡལ། རང་ལུས་གདོས་བཅས་ཀྱི་རྣམ་པ་ཡང་དག་ནས་དྲི་མ་མེད་པ་འཇའ་འོད་དཀར་པོ་ལྟ་བུར་གྱུར་པར་བསམས་ལ། ངག་ཏུ།
སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ བདེ་བ་ཆེན་པོའི་རང་བཞིན་འཕྲོས༔ རང་གི་ཚངས་པའི་ལམ་ནས་ཞུགས༔ ལུས་གང་སྡིག་ལྟུང་ནད་གདོན་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ ཞེས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་གསལ་ལ་མ་ཡེངས་པར་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླ་བ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཟླས་པ་ཇི་ཙམ་ནུས་པ་གྲུབ་པའི་ཐུན་མཐར། མགོན་པོ་བདག་ནི་སོགས་ཀྱིས་བཤགས་སྡོམ་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་སྡིག་སྒྲིབ་དག་པའི་གནང་བ་བསྩལ་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་ཡང་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་མོས་ལ་འཁོར་གསུམ་ཡོངས་དག་གི་ངོ་བོར་མཉམ་པར་བཞག་ལ་དགེ་བ་བསྔོའོ། །གསུམ་པ་ཚོགས་གཉིས་སྤེལ་བ་མཎྜལ་གྱི་ཁྲིད་ནི། གཞུང་ལས། མདུན་མཁར་སྒྲུབ་པའི་མཎྜལ་གསལ༔ ཞེས་སོགས་ཀྱིས་བསྟན་པའི་དོན། ཚོགས་མ་རྫོགས་ན་སངས་རྒྱས་ཐོབ་པ་ལྟ་ཅི་སྨོས། གནས་སྐབས་བསྐྱེད་རྫོགས་ཀྱི་དྲོད་རྟགས་ཀྱང་ཇི་བཞིན་པ་སྐྱེ་མི་བཏུབ། མཐར་ཐུག་གི་སངས་རྒྱས་ཉིད་ཀྱང་ཚོགས་གཉིས་རྫོགས་པའི་རང་གཟུགས་ཡིན་ལ་ཐུན་མོང་གི་ཚེ་བསོད་སོགས་ཀྱང་ཚོགས་གསག་པ་ཁོ་ན་ལས་བྱུང་། ཚོགས་གསོག་ཐབས་མཐའ་ཡས་པ་རྣམས་ཀྱི་ནང་ནས་བྱ་སླ་ལ་ཕན་ཡོན་
ཆེ་བ་མཎྜལ་འབུལ་བ་ལས་ལྷག་པ་མེད། འདི་ལག་ཏུ་ལེན་པ་ལའང་ཆེད་དུ་གསོག་པའི་སྐབས་སོགས་འབྱོར་ན། ཚོགས་ཞིང་དུ་སྒྲུབ་པའི་རྟེན་གྱི་མཎྜལ་རྒྱུ་བཟང་པོ་དྲི་མ་མེད་པ་ལ་ཚོམ་བུ་གཙོ་འཁོར་ལྔ་བཀོད་པ་རང་མདུན་སྟེགས་མཐོ་བ་ལ་བཀོད་ཅིང་དེ་ཉིད་བསྒོམ་གཞིར་བྱེད།མཆོད་པའི་མཎྜལ་རིན་པོ་ཆེ་སྨན་འབྲུ་གཙང་མ་གང་འབྱོར་དྲི་བཟང་གི་ཆུ་བཅས་འདུ་བྱས་ལ། ཚོགས་ཀྱི་ཞིང་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་རང་བཞིན་འཇའ་སྤྲིན་ཁ་དོག་ལྔ་ལྡན་གྱིས་བཏེགས་པའི་དབུས་སུ་རྩ་བའི་བླ་མ་གུ་རུ་བདེ་བ་ཆེན་པོ་སྔར་སྐྱབས་ཡུལ་སྐབས་སུ་སྨོས་པ་དང་མཚུངས་པའི་ཐུགས་ཀར་ཆོས་སྐུ་གསང་བ་འདུས་པ། ཕྱི་རོལ་ཕྱོགས་བཞིར་ལོངས་སྐུ་ཐོད་ཕྲེང་རིགས་བཞི། ཕྱོགས་དང་མཚམས་སུ་སྤྲུལ་སྐུ་མཚན་གྱི་རྣམ་འགྱུར་བཅུ་གཉིས། དེ་དག་གི་མདུན་ཕྱོགས་སུ་ཁྱད་པར་སངས་རྒྱས་ཡི་དམ་རྒྱལ་བ་ཞི་ཁྲོ། གཡས་སུ་ཐུན་མོང་གི་སངས་རྒྱས་ཆགས་བྲལ་སྤྲུལ་སྐུའི་རྣམ་པ་ཅན། རྒྱབ་ཕྱོགས་སུ་དམ་པའི་ཆོས་གླེགས་བམ་བརྩེགས་པ། གཡོན་ཕྱོགས་སུ་ཐེག་པ་ཆེ་ཆུང་གི་དགེ་འདུན་བྱང་སེམས་དང་ཉན་རང་། བར་མཚམས་སུ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་འཁྲིགས་པ་ལྟར་བཞུགས་པར་མོས། མཆོད་པའི་མཎྜལ་ལན་གསུམ་
ཕྱིས་ལ་སྒོ་གསུམ་གྱི་དྲི་མ་དག་པར་བསམ། བྱང་ཆུབ་སེམས་ཀྱིས་བརླན་པར་མཚོན་པའི་དྲི་བཟང་གི་ཆུས་བྱུག །དེ་ནས་ལུས་ཀྱིས་ཚོམ་བུ་འགོད་པ། ངག་གིས་ཚིག་བརྗོད་པ། ཡིད་ཀྱིས་དམིགས་པ་སྒོམ་པ་གསུམ་ཕྲུགས་གཅིག་ཏུ་བྱས་ཏེ། དབང་ཆེན་གསེར་གྱི་ས་གཞིའི་དབུས་སུ་རི་རབ་ལྷུན་པོ། གསེར་རི་རོལ་མཚོ། གླིང་བཞི་དང་། གླིང་ཕྲན་བཅུ་གཉིས། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། སྒེག་སོགས་ལྷ་མོ། ཉི་ཟླ་ལྕགས་རི་མུ་ཁྱུད། གཞན་ཡང་ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་དཔག་ཏུ་མེད་པས་ཕྱུར་བུར་བཀང་བར་དམིགས་པ་འདི་ཉིད་ཀྱིས་མཚོན་བྱེད་དུ་བྱས་ཏེ། སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཐམས་ཅད་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་བཀང་སྟེ་འབུལ་བ་ཕྱིའི་མཎྜལ། རང་གི་ལུས་དང་ལོངས་སྤྱོད་དགེ་བའི་དངོས་པོ་དུས་གསུམ་དུ་བསགས་ཤིང་གསག་པར་འགྱུར་བ་ཐམས་ཅད་ཀྱང་ཀུན་བཟང་རྣམ་པར་འཕྲུལ་པའི་མཆོད་པའི་སྤྲིན་རྒྱ་མཚོར་སྤྲུལ་ཏེ་འབུལ་བ་ནང་གི་མཎྜལ། འབུལ་བའི་ཡུལ། དབུལ་བྱའི་རྫས། འབུལ་བ་པོ་རང་ཉིད་བཅས་གདོད་ནས་གཟུང་བ་དང་འཛིན་པ་གཉིས་སུ་རྟོག་པའི་སྤྲོས་མཚན་རྣམ་པར་དག་པ་འོད་གསལ་དེ་ཁོ་ན་ཉིད་ཀྱི་ངང་དུ་རོ་མཉམ་པར་ཤེས་པ་གསང་བའི་མཎྜལ་བཅས་ཏིང་ངེ་འཛིན་གསུམ་ཕྲུགས་གཅིག་ཏུ་བྱས་ནས།
བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྩ་གསུམ་ཆོས་སྲུང་དང་བཅས་པ་ལ་ཕུལ་བས་དགྱེས་པ་ཆེན་པོས་བདག་གིར་མཛད། བདག་གཞན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་འདུན་ཅིང་གསོལ་བ་བཏབ་པ་ལྟར་བྱིན་གྱིས་བརླབས་པར་བསམས་ལ་སྤྱི་འགྲོའི་ཚོམ་བུ་སོ་བདུན་མ་ལག་ལེན་ལྟར་བཀོད་པ་ཚར་ཅི་འགྲུབ་དང་། གཏེར་གཞུང་ནས་འབྱུང་བ། ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་རབ་འབྱམས་དང༔ བདག་ལུས་ལོངས་སྤྱོད་དཔལ་འབྱོར་བཅས༔ གཟུང་འཛིན་རྣམ་དག་འོད་གསལ་ངང༔ བླ་མ་དཀོན་མཆོག་རྩ་གསུམ་ལ༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པ་ཉིད་ལ་གྲངས་བཟུང་ནས་ཅི་ནུས་སུ་འབུལ། ཐུན་མཐར་འཁོར་གསུམ་རྣམ་པར་མི་རྟོག་པའི་སྤྲོས་བྲལ་ཆེན་པོའི་རང་ངོ་ལ་མཉམ་པར་བཞག་གོ །བཞི་པ་ཁྱད་པར་གྱི་བྱིན་རླབས་ལམ་དུ་བྱེད་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། རྡོ་རྗེ་ཐེག་པའི་སྒོ་རུ་ཞུགས་ཕྱིན་ཆད་མཆོག་ཐུན་མོང་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་མཚན་ཉིད་དང་ལྡན་པའི་རྩ་བའི་བླ་མ་ལ་མ་བསྟེན་པར་ཐབས་གཞན་གང་གིས་ཀྱང་མཐར་ཕྱིན་པ་འགྲུབ་མི་ནུས་པས། རེ་ལྟོས་ཐམས་ཅད་བླ་
མ་ཁོ་ན་ལ་འཆའ་ཞིང་ཅི་མཛད་ཁྱེད་མཁྱེན་བློ་གཏད་ལིང་བསྐྱུར་གྱི་མོས་གུས་དྲག་པོས་གསོལ་བ་འདེབས་པ་ཉིད་ལམ་དུ་བྱ་དགོས་ཤིང་། གསོལ་བ་འདེབས་པའི་ཡུལ་རང་ཉིད་ལ་དངོས་སུ་བཀའ་དྲིན་སྩོལ་བའི་རྩ་བའི་བླ་མ་ཡིན་མོད། ཁྱད་པར་གངས་ཅན་དུ་སྐྱེས་པའི་འགྲོ་བ་ཐམས་ཅད་ལ་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེན་པོ་དང་ལྡན་པ་གུ་རུ་པདྨ་འབྱུང་གནས་དང་དབྱེར་མེད་དུ་གསོལ་བ་འདེབས་པ་ཉིད་གནད་ཀྱི་ཡང་སྙིང་པོར་བཟུང་བར་བྱ་དགོས་ཏེ། ཉིད་ཀྱི་ཞལ་ནས་བོད་འབངས་སྤྱིར་རྗེས་སུ་གདམས་པ་ལ། བླ་མའི་སྐལ་པ་པདྨ་འབྱུང་གནས་ཡིན༔ སྙིང་པོ་གུ་རུ་པདྨ་སིདྡྷི་བགྲོངས༔ ཞེས་དང་། གསང་ཐེམས་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཅེས་གདོང་དམར་མུན་པའི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་རྣམས་ཀྱི་འདྲེན་པའི་བླ་མ་གཅིག་པུ་ནི་གུ་རུ་རིན་པོ་ཆེ་ཡིན་ཅིང་དེ་ཉིད་སྒོམ་ཞིང་གསོལ་བ་གདབ་པས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་སྒོམ་སྒྲུབ་གསོལ་འདེབས་བྱས་པའི་ཡོན་ཏན་འབྱུང་བར་གསུངས་པ་ཉིད་ནམ་ཡང་མི་བསླུ་བའི་རྡོ་རྗེའི་གསུང་ཡིན་པ་ལ་ཡིད་ཆེས་པའི་ངེས་ཤེས་དང་ལྡན་པས་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཐམས་ཅད་གདོད་
མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྣང་ཆ་རྟེན་འབྲེལ་སྒྱུ་མའི་རོལ་པ་ཙམ་དུ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རྒྱན་དང་བཀོད་པ་ཚད་མེད་པའི་དབུས་སུ། གདན་པདྨ་དང་ཉི་མ་བམ་རོ་མགོ་གཡོན་དུ་བསྟན་པའི་སྟེང་དུ་རང་ཉིད་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དཀར་ལ་དམར་བའི་མདངས་ཅན་གཞོན་ནུའི་ལང་ཚོ་ལ་བབས་པ་ཆགས་པའི་ཉམས་ཅན། ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཅིང་གཡོན་པས་ཐོད་པ་བདུད་རྩིས་བཀང་བ་ཐུགས་ཀར་འཛིན་པ། དབུ་རྒྱན་སོགས་རིན་པོ་ཆེའི་རྒྱན་བརྒྱད་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དར་དཀར་གྱི་ན་བཟའ་གཡང་ལུགས་སུ་གསོལ་བ། སྐྲ་མཚམས་དང་མགུལ་དུ་མེ་ཏོག་དཀར་དམར་གྱི་ཕྲེང་བས་བརྒྱན་པ། ཞབས་གཉིས་དོར་ཐབས་ཀྱིས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་འཕྲོ་བའི་ཀློང་ན་འགྱིང་བའི་ཚུལ་ཅན་དུ་གསལ་བའི་མདུན་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་འོད་འཚེར་བ་ཤིན་ཏུ་ཞི་ཞིང་འཛུམ་ལ་དགྱེས་པའི་ཉམས་ཅན། དབུ་ལ་པད་ཞྭ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟབ་བེར་རྣམས་བརྩེགས་མར་གསོལ་ཞིང་། ཕྱག་གཡས་ཐུགས་ཀར་རྡོ་རྗེ་དང་གཡོན་མཉམ་གཞག་སྟེང་དུ་ཀ་པཱ་ལ་བདུད་རྩིས་བཀང་བའི་ནང་དུ་
ཚེ་བུམ་མཚན་པ་བསྣམས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཟེར་ཐིག་གི་ཀློང་ན་བཞུགས་པར་བསམས་ལ་གཏེར་གཞུང་གིས་གསལ་གདབ་པ་ནི། ཨ༔ གདོད་ནས་རྣམ་དག་གཉུག་མའི་གཤིས༔ རྟེན་འབྲེལ་སྒྱུ་མའི་སྣང་ཆ་ལས༔ སྣོད་བཅུད་དག་པའི་ཞིང་ཁམས་དབུས༔ རང་ཉིད་མཚོ་རྒྱལ་རྣལ་འབྱོར་མ༔ དཀར་དམར་མདངས་ལྡན་རྗེས་ཆགས་ཉམས༔ གཞོན་ཚུལ་རིན་ཆེན་རུས་པ་དང༔ དར་གོས་མེ་ཏོག་ཕྲེང་བས་བརྒྱན༔ གྲི་གུག་ཐོད་འཛིན་དོར་སྟབས་ཀྱིས༔ པད་ཉི་བམ་རོའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བས་འགྱིང༔ མདུན་མཁར་སེང་ཁྲི་པད་ཟླའི་དབུས༔ རྩ་བའི་བླ་མ་པདྨ་འབྱུང༔ ཞི་འཛུམ་དགྱེས་ཉམས་དཀར་དམར་མདངས༔ རྡོ་རྗེ་ཐོད་ཞལ་ཚེ་བུམ་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱཾ་བསྒྲེངས༔ པད་ཞྭ་ཆོས་གོས་བེར་ཕོད་གསོལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་བསམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་
སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་སྤྱན་དྲངས། ཕྱོགས་བཅུའི་ཞིང་ན་བཞུགས་པའི་བརྒྱུད་གསུམ་རིག་འཛིན་བླ་མ། དཀོན་མཆོག་རྩ་གསུམ་རབ་འབྱམས་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྐད་ཅིག་གིས་བྱོན་ཏེ་བསྒོམས་པ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་གྱུར་པར་མོས། ཚོགས་གསག་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་རང་གཞན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་བསམ་སྦྱོར་མགྲིན་གཅིག་པས། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང་། ཕྱི་ནང་གསང་གསུམ་གྱི་མཆོད་རྫས་དངོས་འབྱོར་ཡིད་སྤྲུལ་དཔག་ཏུ་མེད་པས་མཆོད་པ་དང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཅི་མཆིས་པ་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་བསྡམས་པ་དང་། རང་གཞན་ཟག་བཅས་ཟག་མེད་ཀྱིས་བསྡུས་པའི་དགེ་བ་ཅི་མཆིས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། ཐེག་གསུམ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་ཆོས་འཁོར་བླ་ན་མེད་པ་བསྐོར་བར་བསྐུལ་བ་དང་། འཁོར་བ་ཇི་སྲིད་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་རྟག་བརྟན་ཆེན་པོར་བཞུགས་སུ་གསོལ་བ་དང་། དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད་
མ་རྒན་འགྲོ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་བསྔོ་བ་རྣམས་ཀྱི་དོན་རེ་རེ་བཞིན་གསལ་གདབ་ལ། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ཚར་བདུན་ནམ་གསུམ་གྱིས་མཐའ་རྟེན་པ་བརྗོད། གསོལ་བ་གདབ་པ་ནི། འདི་ཕྱི་བར་དོ་ཀུན་ཏུ་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་དྲག་པོའི་ངང་ནས། བླ་མ་དཀོན་མཆོག་གསུམ་གྱི་དངོས༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཅེས་པ་ཉིད་ལ་ཐུན་གྱི་དངོས་གཞིར་བྱ། བརྒྱུད་འདེབས་སམ་བླ་མ་སྐུ་གསུམ་གྱི་གསོལ་འདེབས་སོགས་སྤྲོ་ན་འདོན། ཐུན་མཐར་བཛྲ་གུ་རུ་བརྒྱ་རྩ་ལས་མི་ཉུང་བ་བཟླས་ལ་ཐུགས་དམ་བསྐུལ་ལོ། །མཐར་དབང་བླང་བ་ནི། བླ་མའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།
ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་ངོ་བོར་གསལ་བཏབ་ལ། གསོལ་འདེབས་མོས་གུས་བཟླས་པའི་རྐྱེན་གྱིས་བསྐུལ་བས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་ལམ་གྱིས་བྱུང་། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་སང་གིས་དག །བུམ་པའི་དབང་ཐོབ། ལམ་དུས་སུ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་ཤར་གྱིས་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ནར་གྱིས་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཞན་ལུས་ཕོ་ཉའི་ཟབ་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས། གནས་གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གཅིག་ཅར་དུ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ལ། དེ་གསལ་གདབ་པ་
ནི། བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་གཅིག་ཆར་བྱུང༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་སྒྲིབ་སྦྱངས་ཡེ་ཤེས་སྨིན༔ ཅེས་ལམ་དུས་ཀྱི་དབང་བཞི་འདིའང་བསྐྱར་ཏེ་ཚར་ཁ་ཤས་ལེན་པ་བྱུང་ན་དགོས་པ་ཆེའོ། །སླར་ཡང་མོས་གུས་གདུང་ཤུགས་ཀྱིས་ཐུགས་རྒྱུད་བསྐུལ་བས། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་སྒོ་གསུམ་དང་བླ་མའི་གསང་གསུམ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པར་བསམས་ལ་མོས་གུས་ཀྱིས་དྲངས་པའི་ཤེས་པ་སྐད་ཅིག་མའི་རང་ངོ་ལ་བཟོ་བཅོས་དགག་སྒྲུབ་མེད་པར་ལྷན་ནེར་བཞག་ལ། མཐར་ནི་དགྱེས་པས་འོད་དུ་ཞུ༔ བདག་དང་བླ་མ་དབྱེར་མེད་ངང༔ གཟུང་འཛིན་སྤྲོས་པ་ལས་འདས་པའི༔ འོད་གསལ་གཉུག་མའི་དབྱིངས་སུ་བཞག༔ ཨ་ཨ་ཨ༔ ཞེས་བརྗོད་ལ་དགོངས་པའི་གདིང་བཟུང་ངོ་། ༈ །གཉིས་པ་སྒོ་གསུམ་གྲོལ་བར་བྱེད་པ་དངོས་གཞིའི་ཁྲིད་ལ་གསུམ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རིམ་པ། ཐུགས་དགོངས་པའི་ཏིང་འཛིན་བསྐྱང་བའོ། །དང་པོ་ལ་གསུམ། རྩ་བ་ཕྱག་རྒྱ་གཅིག་པ། དཀྱིལ་འཁོར་ཡོངས་རྫོགས། བསྒོམས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། གཞུང་ཉིད་ལས། དང་པོ་ཕྱག་རྒྱའི་རྣལ་འབྱོར་ཏེ༔ ཏིང་
འཛིན་གསུམ་གྱིས་གཞི་བཅས་ལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ དེ་ཡང་དང་པོའི་ལས་ཅན་གྱིས༔ གཙོ་མཆོག་བདེ་ཆེན་སྐུ་རུ་གསལ༔ ཐུན་མོང་ང་རྒྱལ་བརྟན་པོར་བསྐྱེད༔ ཁྱད་པར་གསལ་སྣང་ཚད་དུ་འདོན༔ མཆོག་ཏུ་དག་པ་དྲན་པ་ཡིས༔ ལྷ་དང་བདག་དབྱེར་མེད་པར་བཞག༔ ཅེས་གསུངས་ཏེ། དེའང་འདི་ཉིད་ཀྱི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་ཐོག་མར་བསྐྱེད་པའི་རིམ་པ་ཐམས་ཅད་ཀྱི་རྩ་བ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་བསླབ་པར་བྱ་སྟེ། སྔོན་འགྲོའི་རིམ་པ་རྣམས་ཁྱུག་ཙམ་བཏང་། ལུས་གནད་ལེགས་པར་བསྲང་། ངག་རླུང་རང་སོར་བཞག །སེམས་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་བསྒོམ་སྟེ། ཨ༔ ཞེས་བརྗོད་པས་འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་སྤྲོས་པ་ཐམས་ཅད་དང་བྲལ་བ་གནས་ལུགས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ། ཀུན་རྫོབ་དང་དོན་དམ་རང་བཞིན་གྱིས་དབྱེར་མེད་པའི་ཟུང་འཇུག་ཆེན་པོ། དབྱིངས་རིག་གཉིས་མེད་འོད་གསལ་བའི་རང་ངོ་ལ་ཅི་གནས་སུ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གནས་ལུགས་དེ་ཉིད་ཡེ་གདོད་མ་ནས་གང་དུའང་གཡོས་པ་མེད་ཀྱང་རང་ངོ་མ་ཤེས་པའི་དབང་གིས་གཟུང་འཛིན་འཁྲུལ་སྣང་ལུ་གུ་
རྒྱུད་དུ་བྱུང་སྟེ་འཁོར་བ་མཐའ་མེད་པར་འཁྱམས་ནས་སྡུག་བསྔལ་རྟག་ཏུ་མྱོང་བའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་ཤུགས་འབྱུང་དམིགས་པ་མེད་པའི་སྙིང་རྗེ་མཁའ་ཁྱབ་ཏུ་ཤར་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། དེ་ལྟ་བུའི་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་རིག་པའི་རང་རྩལ་ཧཱུྃ་ཡིག་དཀར་པོ་འོད་འབར་བ་ནམ་མཁའི་དབྱིངས་སུ་སྐར་ཆེན་ཤར་བ་ལྟ་བུར་ལྷག་གིས་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་གསུམ་པོ་རིམ་པར་བསྒོམ། དེ་ལ་གསལ་སྣང་ཐོབ་ནས། གནས་ཡུལ་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་དག་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་རབ་ཏུ་རྒྱས་པའི་པདྨ་དང་ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་གདན་ལ་ནམ་མཁའི་ཧཱུྃ་ཡིག་སྐར་མདའ་ལྟུང་བ་ལྟར་བབས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། སྤྱན་ཅུང་ཟད་ཟླུམ་པའི་ཚུལ་གྱིས་གཟིགས་སྟངས་དབྱིངས་སུ་གཏད་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་གསང་གོས་དཀར་པོ་ཕོད་མཐིང་ཆོས་གོས་རྣམ་གསུམ་ཟ་འོག་བེར་སྨུག་རྣམས་བརྩེགས་མར་གསོལ་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་རང་ཟེར་འོད་ལྔའི་གུར་ཁང་འཁྲིགས་པའི་
ཀློང་ན་གཡོ་བ་མེད་པར་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གསལ་བར་བསམས་ལ་ཡུན་ཅི་གནས་སུ་སེམས་བཟུང་བ་ནི་དམིགས་པའི་གཞི་ཡིན་ལ། དེ་ནས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་རྫོགས་པར་བྱེད་པའི་གནད་གསུམ་གྱི་དང་པོ་ཐུན་མོང་བ་ང་རྒྱལ་ལ་བསླབ་པ་ནི། དེ་ལྟར་སྒོམ་མཁན་རང་ཉིད་ཕྱོགས་དུས་རྒྱལ་བ་མ་ལུས་པ་གཅིག་ཏུ་འདུས་པའི་བདག་ཉིད་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གུ་རུ་བདེ་བ་ཆེན་པོ་དངོས་ཡིན། དེའི་གསང་གསུམ་ཡོན་ཏན་མཛད་པ་དང་བཅས་པ་བདག་ལ་ཡོད་དོ་སྙམ་པའི་ང་རྒྱལ་བརྟན་པོ་བསྐྱེད། ལྷར་སྣང་གསལ་རུང་མི་གསལ་རུང་ང་རྒྱལ་བརྟན་པོ་ཡང་ནས་ཡང་དུ་བྱ་ཞིང་རྟག་ཏུ་ང་རྒྱལ་དང་མ་བྲལ་བ་ལ་བསླབ། གཉིས་པ་ཁྱད་པར་གསལ་སྣང་ལ་བསླབ་པ་ནི། ལྷ་སྐུ་འལ་འོལ་ཡུད་ཙམ་རེ་བསྒོམས་པས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ནམ་ཡང་སྐྱེ་བར་མི་འགྱུར་བས་གསལ་སྣང་བརྟན་པོ་བསྒྲུབ་པ་ཤིན་ཏུ་གལ་ཆེ། དེའང་དམིགས་པ་མི་གསལ་བའི་རིགས་ལ་ཐོག་མར་བྲིས་སྐུ་ལེགས་པ་ཞིག་མདུན་དུ་བཀྲམ། དེ་ལའང་མེ་ལོང་སོགས་ཀྱི་འོད་ཕོག་ན་ལེགས་པས་སེམས་རྩེ་གཅིག་ཏུ་གཏད། སེམས་ཟིན་ནས་བྲིས་སྐུ་བསྡུས་ལ་དེ་འདྲ་དམིགས་པས་བསྒོམས་ཏེ་སེམས་
བཟུང་། དེ་ལ་གསལ་སྣང་ཐོབ་ན་དེ་ཉིད་རང་ལ་བསྲེས་ཏེ་ལྷ་སྐུ་དེ་འདྲ་བར་བསྒོམ། བྲིས་སྐུ་ཡོད་མེད་གང་ལྟར་རང་ཉིད་ལྷར་གསལ་བ་དེའང་ཐོག་མར་གཅིག་ཆར་དུ་གསལ་འདེབས། དེ་ནས་རེ་རེ་བཞིན་སེམས་བཟུང་སྟེ། ཞལ་རས་དཀར་ལ་དམར་མདངས་ཞི་འཛུམ་སྒེག་པའི་ཉམས། སྤྱན་ཟླུམ་པོ་ལྟ་སྟངས་ཧྲིག་གེར་གཟིགས་པ། ཕྱག་དང་ཕྱག་མཚན། དབུ་ཞྭ་དང་སྐུ་ཆས། ཞབས་སྐྱིལ་ཀྲུང་། གདན་དང་འཇའ་འོད་སོགས་རེ་རེ་ནས་གསལ་བཏབ་ནས་སེམས་བཟུང་། དེ་རྣམས་ལ་གསལ་སྣང་སྐྱེས་ན་སྐུ་ཡོངས་རྫོགས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་དང་། གསལ་ལ་དངོས་པོ་མེད་པ་བར་སྣང་ལ་འཇའ་ཤར་བ་ལྟ་བུ་གསལ་སྟོང་བདེ་བ་ཆེན་པོའི་རང་བཞིན་ཅན་དུ་གོམས་པ་མཐར་མ་ཕྱིན་གྱི་བར་དུ་བསླབ་བོ། །གསུམ་པ་མཆོག་ཏུ་རྣམ་དག་དྲན་པ་ནི། ཞལ་གཅིག་དབྱིངས་ཆོས་སྐུ་སྤྲོས་པ་དང་བྲལ་བ། སྐུ་མདོག་དཀར་པོ་སྒྲིབ་གཉིས་ཀྱི་དྲི་མ་སྤངས་པ། དམར་བའི་མདངས་འགྲོ་ལ་རྗེས་སུ་ཆགས་པ། ཕྱག་གཉིས་ཐབས་དང་ཤེས་རབ། བནྡྷ་དབྱིངས་སྟོང་པ་ཉིད་དང་བདུད་རྩི་ཡེ་ཤེས་བདེ་བ་ཆེན་པོ་ཟུང་དུ་འཇུག་པ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྒྱན་ཆ། སྲིད་ཞིའི་མཐའ་ལ་མི་གནས་པའི་ཞབས་རྡོར་སྐྱིལ། འཁོར་བའི་སྐྱོན་གྱིས་མ་གོས་པའི་གདན་པདྨ་དང་ཁམས་དཀར་
དམར་གྱི་བགྲོད་པ་དག་པས་ཉི་ཟླའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བ་སྟེ། མདོར་ན་སངས་རྒྱས་ཀྱི་ངོ་བོ་ལ་མཚན་མའི་རྣམ་པ་མི་མངའ་ཡང་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར་ཡོན་ཏན་ཐམས་ཅད་གང་ལ་གང་འདུལ་གྱི་རྣམ་པར་ཤར་བ་ལ་ངེས་ཤེས་བསྐྱེད་དོ། །ཇི་ཙམ་བསྒོམ་པའི་ཐུན་དངོས་གཞིར་ཏིང་ངེ་འཛིན་དེ་ཁོ་ནར་མཉམ་པར་བཞག །ཐུན་བསྡུ་བའི་ཚེ་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷར་གསལ་བར་བྱས། དེ་རྣམས་མེ་ལོང་ལ་ཧས་བཏབ་པ་བཞིན་རིམ་པར་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་མཐའ་ནས་དབུས་སུ་འདུས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེའང་མས་རིམ་གྱིས་ཡལ་བའི་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་གཏད། དེའང་དབྱིངས་སུ་ཐིམ། འཛིན་མེད་ཀ་དག་གི་ངང་ལ་ཅི་གནས་སུ་བཞག །དེ་ལས་ལྡང་བ་ན་ནམ་མཁའ་ལས་སྤྲིན་འབྱུང་བ་ལྟར་སྐད་ཅིག་གིས་གུ་རུ་བདེ་བ་ཆེན་པོ་གཉུག་མའི་ལྷ་སྐུར་ལམ་གྱིས་གསལ། སྣང་བ་ཐམས་ཅད་ལྷ། གྲགས་པ་གསུང་། དྲན་རྟོག་ཡེ་ཤེས་ཆེན་པོའི་རོལ་པར་ངེས་ཤེས་བསྐྱེད། ཐུན་མཚམས་སྤྱོད་ལམ་གྱི་སྐབས་སུའང་དྲན་ཤེས་དང་མ་བྲལ་བར་ལམ་ཁྱེར་རྣམས་སྤྱི་དང་མཐུན་པར་བྱའོ། །གཉིས་པ་དཀྱིལ་འཁོར་ཡོངས་རྫོགས་ནི། དེ་གོམས་དཀྱིལ་འཁོར་ཡོངས་རྫོགས་ལ༔ སེམས་འཛིན་ཏིང་འཛིན་རྩལ་སྦྱང་བྱ༔ ཞེས་གསུངས་ཏེ། རྩ་བའི་དམིགས་པ་དེ་ལ་གསལ་
སྣང་སྐྱེས་ནས་བརྟན་པ་ཐོབ་པ་ན་དཀྱིལ་འཁོར་ཡོངས་རྫོགས་སུ་བསྒོམས་ནས་གྲངས་དང་ཚོམ་བུ་སྤྲོ་བ་ལ་སོགས་བསམ་ཡས་རབ་འབྱམས་ཀྱི་ཏིང་ངེ་འཛིན་ལ་བསླབ། དེ་ལྟར་ཕྱག་རྒྱ་གཅིག་སྤྲོས་གང་གི་ཚེའང་གསལ་སྣང་ལ་ཅུང་ཟད་བརྟན་པ་ཐོབ་ནས་བསྲེ་བ་གསུམ་གྱི་ཏིང་འཛིན་གྱིས་རྩལ་སྦྱང་བར་བྱ་སྟེ་གནས་གསུམ་ཡིག་འབྲུ་ལས་འོད་ཟེར་འཕྲོས། ཕྱིའི་དངོས་པོ་རྣམས་ལ་ཕོག་པས། གདོས་བཅས་ཀྱི་ཞེན་རྟོག་སྦྱངས་ཏེ་ལྷར་ལམ་ལམ་གྱུར་པར་བསམ། རིམ་པར་སྣོད་བཅུད་ཐམས་ཅད་སྦྱངས་ཏེ་ལྷ་དང་གཞལ་ཡས་ཁང་དུ་གྱུར་པ་དང་གཉིས་མེད་དུ་བསྲེ། བསྒོམས་པའི་ལྷ་དེའང་རང་གི་སེམས་ཀྱི་རང་རྩལ་ཁོ་ན་ཡིན་ཏེ་སེམས་ལས་གཞན་པའི་ལྷ་སྐུ་མེད། ལྷ་སྣང་དེ་ལས་གཞན་པའི་སེམས་མེད་པས་དེ་གཉིས་ཐ་དད་མེད་པར་ཐག་བཅད་དེ་སེམས་དང་ལྷ་སྐུ་བསྲེ། ལྷ་སྐུར་སྣང་བ་དེའང་ངོ་བོ་སྟོང་པ་ཉིད། རང་བཞིན་བདེ་བ་ཆེན་པོ། རྣམ་པ་མ་འདྲེས་གསལ་རྫོགས་སུ་ཤར་བ་སྟེ་སྟོང་གསལ་བདེ་ཆེན་ཟུང་འཇུག་ཏུ་བསྲེ་བ་རྣམས་རེ་རེ་བཞིན་ཐུན་དུ་བཅད་དེ་བསྐྱང་། དེ་རྣམས་ཀྱིས་ཏིང་ངེ་འཛིན་མཐར་ཕྱིན་པའམ། བསྒོམས་པས་སྐྱོ་ན་འོག་ནས་འབྱུང་བའི་བཟླས་པ་དང་སྦྱར་ཏེ་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་རྣམས་དང་། ཁྱད་པར་གཏེར་གཞུང་ཉིད་དུ་གསལ་བ་ལྟར་ཚོམ་བུ་ཚོགས་ཀྱི་སྒྲུབ་པས་མཆོག་གི་དངོས་གྲུབ་ལ་མྱུར་དུ་རེག་པའི་སྐལ་པ་ཅན་དུ་བྱའོ། །
གསུམ་པ་བསྒོམས་པའི་ཡོན་ཏན་ནི། ཐ་མལ་དངོས་པོའི་སྣང་ཞེན་ཀུན༔ སྣང་སྟོང་ལྷ་སྐུར་རང་ཤར་ནས༔ འཁྲུལ་པའི་བག་ཆགས་འགོག་པར་འགྱུར༔ ཅེས་པས། དེ་ལྟར་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་རིམ་གོམས་པ་ཤིན་ཏུ་བརྟན་པས་སྦྱོང་བྱེད་གཉེན་པོ་སྟོབས་སུ་གྱུར་ཏེ་སྦྱང་བྱ་འདི་ལྟར་རང་གཞན་ཐ་མལ་དུ་སྣང་བ་ཐམས་ཅད་ལ་དངོས་པོར་ཞེན་པའི་འཛིན་པ་དག །སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་སྐུར་རང་ཤར་ནས་མ་དག་འཁྲུལ་པའི་བག་ཆགས་ཐམས་ཅད་འགག་ཅིང་ཟད་ནས་དག་པ་ཡེ་ཤེས་ཀྱི་འཁོར་ལོར་བྱང་ཆུབ་བར་འགྱུར་བའོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་བཞི། ཐུན་མོང་། ཁྱད་པར། མཆོག་གི་བཟླས་པ། དེ་དག་གི་ཡོན་ཏན་བསྟན་པའོ། །དང་པོ་ནི། གཞུང་ལས། ཐུན་མོང་ཛཔ྄་དགོངས་གསལ་བཏབ་སྟེ༔ བསྙེན་སྒྲུབ་ལས་གསུམ་ཚར་ཕྱིན་བྱ༔ ཞེས་གསུངས་ཏེ་འདི་ལ་གསུམ། དང་པོ་བསྙེན་པ་ནི། རང་ཉིད་གཙོ་བོ་བདེ་བ་ཆེན་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གསང་འདུས་རྡོ་རྗེ་ཐོད་ཕྲེང་མཐིང་སྔོན་རྡོར་དྲིལ་འཛིན་པས་ཡུམ་མཚོ་རྒྱལ་དཀར་མོ་ལ་འཁྱུད་པ། དར་དང་རིན་ཆེན་རུས་པའི་རྒྱན་ལྡན། ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དཀར་པོ་འོད་ལྔའི་མདངས་འཕྲོ་བ།
དེའི་མཐར་སྔགས་ཕྲེང་འབྲུ་བཅུ་གཉིས་པ་གཡས་སྐོར་དུ་ཀྱི་ལེར་གནས་པ་ལ་སེམས་གཏད། བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་བཅས་ཆེས་ཆེར་གསལ་ཞིང་རབ་ཏུ་འབར་བའི་འོད་ཟེར་གྱིས་ལུས་ཀྱི་ནང་གང་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཕྱིར་འཕྲོས་ཆོས་ཀྱི་དབྱིངས་ཀུན་ཏུ་གང་བས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད་པས་མཉེས་ཤིང་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་པ་དང་ལྷན་ཅིག་དེ་རྣམས་ཀྱི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་པ་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟ་བུར་བྱོན། རང་ལ་ཐིམ་པས་བླ་མ་སྐུ་བཞིའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་བྱིན་གྱིས་བརླབས་པར་བསམས་ལ་བཛྲ་གུ་རུ་བཟླ། གྲངས་ཚད་ནི། འབུམ་ཕྲག་བཅུ་གཉིས་བཟླས་པ་ཡིས༔ བདག་དོན་བྱིན་རླབས་ནུས་ཐོབ་འགྱུར༔ ཅེས་པ་ལྟར་རོ། །གཉིས་པ་སྒྲུབ་པ་ནི། འདིའི་སྐབས་ནས་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་དང་འབྲེལ་བས། ལས་བྱང་ལྟར་ཕྲིན་ལས་ཚང་བར་བཏང་། བཟླས་པའི་སྐབས་སུ་ཐུགས་སྲོག་མཐར་སྒྲུབ་པའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལས་བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་ཐ་མལ་གྱི་སྣང་ཞེན་སྦྱངས། ཕྱི་སྣོད་གཞལ་ཡས་
ཁང་། ནང་བཅུད་བླ་མ་སྐུ་བཞིའི་ལྷ་ཚོགས། མདོར་ན་ཅིར་སྣང་ཐམས་ཅད་ཡེ་ཤེས་ཕྱག་རྒྱའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུར་བསྒོམས་ལ། བཛྲ་མ་ཧཱ་གུ་རུའི་སྔགས་བཟླ། གྲངས་ཚད་ནི། འབུམ་ཕྲག་བཞི་བཟླས་འགྲུབ་པར་འགྱུར༔ ཅེས་སོ། །གསུམ་པ་ལས་ལ་སྦྱོར་བ་ནི། ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས་ཀརཧཱུྃ་སྔོན་པོ། མདུན་སོགས་ཕྱོགས་བཞིའི་ཐོད་ཕྲེང་རིགས་བཞིའི་ཐུགས་ཀར་གཡས་སྐོར་གྱིས། ཨོཾ་དཀར་པོ། ཏྲཱཾ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་རྣམས་གསལ་གདབ། བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སོ་སོ་ལས་རང་མདོག་དང་མཐུན་པའི་འོད་ཟེར་ནམ་མཁའ་གང་བ་འཕྲོས། དཀར་པོས་རང་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། སེར་པོས་ཡོན་ཏན་ཡེ་ཤེས་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་རྒྱས། དམར་པོས་རླུང་སེམས་ཡིད་ལ་འདོད་རྒུ་རྣམས་དབང་དུ་འདུས། ལྗང་གུས་ཉོན་མོངས་འཁྲུལ་རྟོག་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། མཐིང་གས་མཁྱེན་གཉིས་ཡེ་ཤེས་བྲལ་སྨིན་གྱི་ཡོན་ཏན་སོགས་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམས་ལ་ཐོད་ཕྲེང་རྩལ་གྱི་ཛཔ྄་བཟླ། གྲངས་ནི། ཁྲི་ཕྲག་བཞི་ཡིས་ལས་བྱེད་འགྱུར༔ ཅེས་སོ། །གཉིས་པ་ཁྱད་པར་བ་ནི། ཁྱད་པར་
རྡོ་རྗེའི་བཟླས་པ་ནི༔ ལུས་གནད་བཅོས་ཤིང་རླུང་རོ་བསལ༔ ནང་འཇུག་ཨོཾ་གྱི་གདངས་སུ་དྲངས༔ གནས་པ་ཨཱཿལ་ཟིན་ཡུན་བསྐྱེད༔ ཧཱུྃ་ཞེས་ཕྱི་ལ་ནར་གྱིས་གཏོང༔ རྒྱུ་བ་གསལ་སོགས་རྟགས་མཐོང་བྱ༔ ཞེས་གསུངས་ཏེ། ལུས་གནད་ཆོས་བདུན་ལྡན་པས། རང་ཉིད་གཙོ་བོ་གུ་རུ་བདེ་བ་ཆེན་པོའི་སྐུར་གསལ། སྣ་བུག་གཉིས་ནས་རླུང་རོ་ལན་གསུམ་བསལ། དེ་ནས་རླུང་རང་བབས་སུ་བཞག་ལ་ནང་དུ་འཇུག་པའི་ཚེ་ཨོཾ་ཞེས་པའི་སྒྲ་གདངས་སུ་དྲན། གནས་པའི་ཚེ་ཨཱཿའི་གདངས་སུ་དྲན་ལ་ཅུང་ཟད་ཡུན་བསྲིང་། ཕྱིར་འབྱུང་བའི་ཚེ་ཧཱུྃ་ཞེས་པའི་གདངས་སུ་དྲན་ལ་གཏང་། དེ་གསུམ་ཀའང་ཆེད་དུ་དབྱུང་རྔུབ་ཀྱི་རྩོལ་བ་མི་བྱ་བར་རང་བབས་རྒྱུ་བ་ཉིད་འབྲུ་གསུམ་གྱི་གདངས་སུ་ཤེས་པས་བགྲང་བ་ལས། གནས་པ་ཉིད་ཅུང་ཟད་ཡུན་བསྲིང་། འདི་ནི་འདུས་པ་ལས་རྡོར་བཟླས་རིམ་པ་བཞིར་གསུངས་པའི་བརྡར་གྱུར་རྡོར་བཟླས་ཉིད་ཡིན་པས། གནས་སྐབས་འཆི་བ་བསླུ་ཞིང་ཚེ་རིང་དུ་བསྲིང་བ་དང་། རྫོགས་རིམ་སྲོག་རྩོལ་གྱི་རྣལ་འབྱོར་ལ་གེགས་མེད་ཅིང་བདེ་བླག་ཏུ་འབྱོང་བ་སོགས་དགོས་པ་ཕན་ཡོན་ཆེན་པོ་ཡོད་པས། རྒྱུ་བའི་གྲངས་དང་ཁ་དོག་སོགས་གསལ་བར་འཆར་བའི་བར་དུ་ཉམས་སུ་བླང་ངོ་། །གསུམ་པ་མཆོག་གི་བཟླས་པ་ནི། མཆོག་ཏུ་རླུང་རྩོལ་འགྲོ་འོང་གནས༔ སྒྲ་མཐའ་སྟོང་ཉིད་འོད་གསལ་ངང༔ རིག་སྟོང་
གཉུག་མའི་ཕྱག་རྒྱས་གདབ༔ ཅེས་གསུངས་ཏེ། རླུང་ཕྱིར་འགྲོ་བ་དང་ནང་དུ་འོང་བ་དང་ཁོང་དུ་གནས་པ་གསུམ་ཀར་ཆེད་འཛིན་གྱི་རྩོལ་བས་མ་བསླད་པ་རང་བབ་ཉིད་སེམས་ཀྱི་དམིགས་པའི་རྟེན་ཙམ་དུ་བྱས་ཏེ། མ་ཡེངས་པར་བཞག་པས་བརྗོད་པའི་སྒྲ་སྐད་ཐམས་ཅད་ཀྱི་རྩ་བ་དུས་སྦྱོར་གྱི་རླུང་དབུ་མར་ཞུགས་པ་ལ་ཕྱོགས་པས་བྱེད་རྩོལ་མཚན་མའི་སྤྲོས་མཐའ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར་པ་ནི། དོན་དམ་རྡོ་རྗེའི་བཟླས་པ་སྟེ་ལས་དང་པོ་བས་ཀྱང་རྡོར་བཟླས་ཅི་ནུས་མཐར་སྒྲ་མཐའ་ཀ་དག་གི་དབྱིངས་སུ་བསྐྱེལ་བ་དང་། རིག་སྟོང་གཉུག་མའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ །བཞི་པ་དེ་དག་གི་ཡོན་ཏན་བསྟན་པ་ནི། ཐ་མལ་རླུང་དང་སྒྲ་སྐད་ཀུན༔ གྲགས་སྟོང་སྔགས་སུ་རང་ཤར་ནས༔ ཐུན་མོང་མཆོག་གི་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་ལྟར་བཟླས་པའི་རིམ་པ་རྣམས་ཚུལ་བཞིན་ཉམས་སུ་བླངས་པས་ཐ་མལ་དུ་འཛིན་པའི་རླུང་གི་རྒྱུ་བ་དང་དེས་བསྐྱེད་པའི་སྒྲ་སྐད་སྨྲ་བརྗོད་ཇི་སྙེད་པ་ཐམས་ཅད་གྲགས་སྟོང་རང་བྱུང་མི་ཤིགས་པའི་སྔགས་ཀྱི་སྒྲར་རང་བཞིན་གྱིས་ཤར་ནས་ཐུན་མོང་ངག་ལ་བདེན་ཚིག་གྲུབ་པས་ཞི་སོགས་ལས་དང་། མཐར་ཐུག་མཆོག་གི་དངོས་གྲུབ་གསུང་རྡོ་རྗེའི་གོ་འཕང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །གསུམ་པ་ཐུགས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་བཞི། ཐུན་མོང་།
ཁྱད་པར། མཆོག་གི་དགོངས་པ། དེ་དག་གི་ཕན་ཡོན་ནོ། །དང་པོ་ནི། གཞུང་ལས། ཐུན་མོང་རང་ཉིད་བདེ་བ་ཆེའི༔ ཡེ་ཤེས་སྐུ་ཡི་སྟོང་ར་བསྒོམ༔ རྩ་གསུམ་གསལ་གདབ་རླུང་རོ་བསལ༔ སྙིང་གའི་ཨ་བ་དྷཱུ་ཏིའི་དབུས༔ མི་ཤིགས་ཐིག་ལེ་ཡུངས་འབྲུ་ཙམ༔ དཀར་གསལ་འོད་ཟེར་ལྔ་ལྡན་བསྒོམ༔ འཇམ་རླུང་བུམ་པ་ཅན་དང་སྦྲགས༔ རླུང་སེམས་ཐིག་ལེ་དབྱེར་མེད་ལ༔ རྩེ་གཅིག་སེམས་བཟུང་མཉམ་པར་བཞག༔ རྣམ་རྟོག་གང་སྐྱེས་ཐད་ཀར་བཅད༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས༔ ཤིན་སྦྱངས་བདེ་བའི་ཞི་གནས་འགྲུབ༔ ཅེས་གསུངས་པས། གཡེང་བ་མེད་པའི་དབེན་པར་ལུས་གནད་བཅས་འཁོད་ལ། འདི་ཁོ་ན་ཉམས་སུ་ལེན་པའི་སྐབས་ཡིན་ན་སྔོན་འགྲོ་རྣམས་ཀྱང་ཁྱུག་ཙམ་གཏང་། དེ་ནས་ལུས་རྡོ་རྗེ་སྐྱིལ་ཀྲུང་བཅས་རྒལ་ཚིགས་དྲང་པོར་བསྲང་། ལག་པ་མཉམ་གཞག་བྱ་ཞིང་དཔུང་པ་བརྒྱང་། མགྲིན་པ་ཅུང་ཟད་དགུག་ཅིང་ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་སོར་བལྟ་བ་སྟེ་རྣམ་སྣང་ཆོས་བདུན་དུ་གྲགས་པ་དང་ལྡན་པར་བྱས་ལ་ཐོག་མར་སྟོང་ར་བསྒོམ་པ་ནི། རང་ཉིད་བདེ་བ་ཆེན་པོ་སྔར་ཇི་སྐད་བཤད་པའི་མཚན་ཉིད་ཡོངས་སུ་རྫོགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ལུས་ཀྱི་ནང་དར་དཀར་གྱི་གུར་ཕུབ་པ་ལྟ་བུ་སྟོང་སང་ངེ་བའི་ལུས་ཀྱི་དབུས་དྲང་
པོར་རྩ་དབུ་མ་མཐིང་ག་མཚན་ཉིད་བཞི་ལྡན་ཡར་སྣ་སྤྱི་བོ་དང་མར་སྣ་ལྟེ་འོག་ཏུ་ཟུག་པ། གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལས་སུམ་བལྡབ་ཀྱིས་ཕྲ་བ། དེ་རྣམས་གསུམ་གཤིབ་ཏུ་ཡོད་པའི་རོ་རྐྱང་གི་ཡར་སྣེ་སྣ་བུག་གཉིས་སུ་ཟུག་ཅིང་མར་སྣེ་ལྟེ་འོག་ནས་དབུ་མའི་ནང་དུ་ཆུད་པ། སྙིང་གའི་ཐད་ཀྱི་དྷཱུ་ཏིའི་ནང་དུ་དྭངས་མ་མི་ཤིགས་པའི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཙམ་ཁ་དོག་དཀར་གསལ་འོད་ཟེར་ལྔ་ལྡན་གསལ་ཞིང་འབར་བ་བསྒོམ། དེ་ལྟར་ལུས་དང་རྩའི་སྟོང་ར་ཐིག་ལེ་བཅས་ཀྱི་དམིགས་པ་ལེགས་པར་འབྱོངས་པ་གལ་ཆེ་བས་ནན་བསྐྱེད་དེ་བསྒོམ་མོ། །དེ་ནས་ཐོག་མར་རླུང་རོ་ལན་གསུམ་བསལ། སྦྱོར་བ་བཞི་ལྡན་གྱི་འཇམ་རླུང་བུམ་པ་ཅན་བཟུང་། དམིགས་པ་རླུང་སེམས་ཐིག་ལེ་གསུམ་པོ་དབྱེར་མེད་པའི་སྙིང་གའི་ཐིག་ལེ་འོད་ཟེར་དང་བཅས་ལ་རྩེ་གཅིག་ཏུ་སེམས་གཏད་ལ་མཉམ་པར་བཞག །དེ་ལྟར་རླུང་ལེགས་པར་ཟིན་ཅིང་དམིགས་པ་ལ་སེམས་ཟིན་ན་དེ་ཀ་ལ་བཅས་བཅོས་མི་བྱེད་པར་བཞག །དེའི་ངང་ལ་རྣམ་རྟོག་གི་འཆར་སྒོ་བྱུང་ན་གང་སྐྱེས་དེ་ཉིད། དེ་མ་ཐག་ཏུ་ངོས་ཟིན་པར་བྱས་ལ་སླར་ཡང་ཐིག་ལེ་ཉིད་དྲན་ཙམ་དང་ལྷོད་ཀྱིས་ཀློད་ལ་མ་ཡེངས་པར་བྱ་སྟེ་ཐད་ཀར་ཐད་ཀར་བཅད། ཤེས་པ་བྱིང་ན་ལུས་གྲིམ་ཆ་ཚོལ། ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། འཕྲོ་ཞིང་རྒོད་ན་ལྟ་
སྟངས་སྨད། ལུས་གནད་ལྷོད། རིག་པ་ཧ་ཅང་མི་བསྒྲིམ་པར་རྒྱང་སྲུང་ལྟ་བུར་བྱ། དེ་ལྟར་བསྒོམས་པས་ཐོག་མར་རླུང་ཡུན་རིང་ཟིན་དཀའ་བ་དང་རྣམ་རྟོག་འཆར་སྒོ་མང་དུ་སོང་སྙམ་བྱེད་པ་བྱུང་ཡང་སྐྱོན་དུ་མི་བལྟ་བར་ཡུན་ཐུང་ལ་གྲངས་མང་བ་དང་། རིམ་པར་རྒྱུན་བསྲིངས་ལ་སྙིང་རུས་དྲག་པོས་བསྒོམས་པས། དང་པོ་སེམས་མི་གནས་པ་རྣམ་རྟོག་སྔར་ལས་མང་དུ་སོང་བ་འདྲ་ཞིག་འབྱུང་བ་ནི་གཡོ་བའི་ཉམས་ཏེ་རི་གཟར་གྱི་འབབ་ཆུ་ལྟ་བུ། དེ་ནས་རྣམ་རྟོག་འབྱུང་འཕྲོ་ལ་ཅུང་ཟད་རེ་ལྷོད་དེ་གནས་པ་ནི་རྣམ་རྟོག་ངལ་སོས་པ་ཐོབ་པའི་ཉམས་ཏེ་རོང་ཁུང་གི་འབབ་ཆུ་ལྟ་བུ། དེ་ནས་ཕལ་ཆེར་རྟོག་མེད་ཞི་བར་གནས་པ་ལ་སྐབས་རེར་རྟོག་པ་བན་བུན་ཙམ་འཆར་བ་རྣམ་རྟོག་ཐང་ཆད་པ་གོམས་པའི་ཉམས་ཏེ་ཆུ་ཆེན་དལ་འབབ་ལྟ་བུ། དེ་ནས་ནམ་སྒོམ་ཡང་རྟོག་མེད་རྒྱ་འབྱམས་སུ་འགྲོ་བ་ལ་སྐབས་རེར་རྐྱེན་གྱིས་རྣམ་རྟོག་ཅུང་ཟད་བསྐྱོད་པས་གནོད་དུ་ཚོར་བ་བརྟན་པའི་ཉམས་ཏེ་མཚོ་ཆུང་བསེར་བུས་བསྐྱོད་པ་ལྟ་བུ། མཐར་ཡུལ་སྣང་ལ་འཛིན་པ་མེད་པའི་ངང་སེམས་དྭངས་སང་ངེར་གནས་པ་ལ་རྐྱེན་གང་གིས་ཀྱང་མི་གནོད་པའི་སྟེང་དུ་སླར་བོགས་འབྱིན་པ་ནི་གནས་པ་ལ་རང་དབང་ཆུབ་ནས་བརྟན་པ་ཐོབ་པའི་ཉམས་ཏེ་རྒྱ་མཚོ་ཆེན་པོ་རླབས་དང་བྲལ་བ་ལྟ་བུའོ། །དེ་ལྟར་ཉམས་ལྔ་མཐར་ཕྱིན་པར་བསྒོམས་པས་སྒོ་གསུམ་ལ་ཤིན་ཏུ་སྦྱངས་པ་ཐོབ་སྟེ། ལུས་ཡང་
ཞིང་བདེ་ལ་མདོག་སྣུམ། ངག་ཚིག་འཇམ་ཞིང་སྨྲ་བ་ཉུང་། རླུང་རྒྱུ་བ་དལ་ཞིང་འགྲོ་འོང་མི་ཚོར། སེམས་རྟོག་མེད་དུ་ལྷན་ནེར་གནས། ལྟོ་གོས་དང་ཆོས་བརྒྱད་ལ་ཞེན་པ་ཆུང་བ་སོགས་སྒོ་གསུམ་ལ་ཉམས་དུ་མ་འཆར་ཞིང་། དུ་བ་ལ་སོགས་པའི་མཐོང་ཉམས་ཀྱང་འབྱུང་། དེ་ཙམ་གྱིས་ཏིང་འཛིན་གྱི་གཞི་རྟེན་ཞི་གནས་ལེགས་པར་གྲུབ་པ་ཡིན་ནོ། །དེའང་ཇི་སྐད་དུ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ཏེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་ཐོག་མར་ཞི་གནས་དགོས་པའི་རྒྱུ་མཚན། དེའི་རྒྱུ་ཚོགས་བརྟེན་པ་བཅས་གསལ་བར་བསྟན་པ་བཞིན་ནོ། །གཉིས་པ་ཁྱད་པར་བ་ནི། ཁྱད་པར་ཕྱི་རོལ་གཟུང་བའི་ཡུལ༔ སྣང་ཙམ་ཉིད་ནས་རང་བཞིན་མེད༔ ནང་གི་འཛིན་རྟོག་རྩད་བཅད་པས༔ སྐྱེ་འགག་གནས་མེད་གཉུག་མར་གྲོལ༔ བར་དུ་སེམས་ཀྱིས་མ་བསླད་པའི༔ སེམས་ཉིད་འོད་གསལ་རང་ངོ་ཤེས༔ བློ་འདས་རིག་སྟོང་རྫོགས་པ་ཆེ༔ ལྷག་མཐོང་གནས་ལུགས་མངོན་དུ་འགྱུར༔ ཅེས་གསུངས་ཏེ། ཞི་གནས་ལ་ལེགས་པར་གོམས་པ་ན་ལྷག་མཐོང་བསྐྱེད་པའི་སླད་དུ། ཐོག་མར་ཕྱི་རོལ་གཟུང་བའི་ཡུལ་དུ་གྱུར་པ་སྣང་གྲགས་ཀྱི་ཆོས་གང་ཤར་ཡང་དེ་མ་ཐག་དྲན་པས་ཟིན་པར་བྱས་ཏེ། དེ་ལྟར་འཛིན་མཁན་གྱི་རང་ངོ་ལ་
བལྟས་པས་སྣང་ཙམ་དེ་མ་འགག་ཀྱང་འཛིན་ཞེན་གྱི་བློ་སྟོང་ཉིད་དུ་གྲོལ་བས་སྣང་ལ་རང་བཞིན་མེད་པ་གསལ་སྟོང་འཛིན་བྲལ་ནམ་མཁའ་ལྟ་བུ་རྗེན་སང་གིས་འཆར་བའི་ངང་ལ་རང་བབ་ཏུ་བཞག་པས། ཇི་ཞིག་ན་སྣང་བརྟགས་ཀྱི་ཆོས་ཐམས་ཅད་རང་གི་བློས་བཀོད་ནས་ཡིད་ངོར་ཤར་བ་ལ་ཞེན་འཛིན་ཞུགས་པ་མ་གཏོགས་རང་གི་སེམས་ལས་དོན་གཞན་དུ་རྡུལ་ཙམ་ཡང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུར་ཐག་ཆོད་པ་འབྱུང་ངོ་། །ནང་རང་གི་སེམས་ལ་བརྟགས་པས། གཞི་ཅིར་ཡང་མེད་པ་ལ་ངར་འཛིན་ཅིང་དེ་ལ་བརྟེན་ནས་ཉོན་མོངས་པ་སོགས་རྣམ་པར་རྟོག་པ་མི་འཕྲོ་དགུ་འཕྲོ་སྣ་ཚོགས་ལུ་གུ་རྒྱུད་དུ་འཆར་བ་འདི་དང་པོ་གང་ནས་བྱུང་། ད་ལྟ་གང་དུ་གནས། མཐར་གང་དུ་འགག །གནས་པའི་ཚེ་ཕྱི་ནང་མགོ་རྐང་སྙིང་ལ་སོགས་པ་གང་དུ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་དེའི་གཟུགས་དབྱིབས་ཁ་དོག་ཇི་ལྟ་བུའི་ཚུལ་དུ་གནས། གང་ཡང་མ་རྙེད་ན་ད་ལྟའི་ངའོ་སྙམ་པ་སོགས་འགྱུ་བ་ཏོལ་སྐྱེས་སྐད་ཅིག་མ་དེ་ལ་བལྟས་ནས་སྐྱེ་འགག་གནས་པ་སོགས་རྩད་བཅད། ལྟ་མཁན་དེའང་ཅི་འདྲ་ཞིག་འདུག་སོགས་གོ་ཡུལ་དུ་མ་སོང་བར་ནན་ཏན་ཆེན་པོས་རྩད་གདར་བཅད་པས་ལྟ་མཁན་བལྟ་རྒྱུ་སོགས་གང་ཡང་མ་མཐོང་། ཅིའང་མ་རྙེད། སྐྱེ་འགག་གནས་གསུམ་དང་བྲལ་བ། གང་ཡང་ངོས་བཟུང་དུ་མེད་པའི་གསལ་རིག་རྗེན་ནེ་བ་ཞིག་འཆར་བ་དེ་ཉིད་གཉུག་
མའི་གནས་ལུགས་ཡིན་པས་དེའི་ངང་ལ་ཆད་པ་ངལ་གསོ་བ་བཞིན་དུ་རང་བབས་སུ་ལྷོད་ཀྱིས་ཀློད་ལ་མཉམ་པར་འཇོག །དེ་ལྟར་བསྒོམས་པས་ཆུའི་རྫིང་བུར་ཟླ་གཟུགས་ཤར་དུས་ཉིད་ནས་ཆུ་དང་ཟླ་གཟུགས་དབྱེ་བ་མེད་པ་ལྟར་ཕྱིར་སྣང་བ་མ་འགགས། ནང་དུ་འཛིན་ཞེན་གྱིས་མ་བཅིངས་པའི་གནས་ལུགས་རང་བབ་ཀྱི་ངང་དུ་འཇོག་པའི་ཚེ། ཚོགས་དྲུག་གི་སྣང་བ་ཅི་ལྟར་ཤར་ཡང་འཛིན་པ་མེད་པ་རང་གསལ་རྗེན་ལྷག་གེ་བ། སེམས་ལ་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མེད་པ་དྭངས་རྗེན་ནེ་བ། བར་དུ་རང་སར་གནས་ཀྱང་སེམས་ཀྱི་འཛིན་སྟངས་ཀྱི་གཉེན་པོས་མ་བསླད་པའི་སེམས་ཉིད་རང་བྱུང་གཤིས་ཀྱི་གནས་ལུགས་ཀ་དག་སྤྲོས་པ་དང་བྲལ་བའི་འོད་གསལ་ཆེན་པོའི་རང་ངོ་ཤེས་པའི་ངང་ལས་མ་གཡོས་པར་བསྐྱངས་པས། ཡིད་དཔྱོད་ཀྱི་བློ་ལས་འདས་པའི་རིག་སྟོང་གདོད་མའི་གནས་ལུགས་རྫོགས་པ་ཆེན་པོ་ལྷག་མཐོང་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་ཞི་གནས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པ་དང་། ལྷག་མཐོང་ནི་སྲིད་རྩེའི་ཉོན་མོངས་པ་དྲུངས་ནས་འབྱིན་པའི་གཉེན་པོ་ཡིན་པས་ཟུང་འཇུག་ཏུ་བསྒོམ་ཞིང་གོམས་པ་ཤིན་ཏུ་གཅེས་ཏེ། མདོ་ལས། སྐྱེ་བ་པོ་ཡི་ཞི་གནས་དང་། །ལྷག་མཐོང་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་གྲོལ་བར་འགྱུར། །
ཞེས་དང་། ཞི་བ་ལྷས། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་ནོན་ལ། །ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། །ཅེས་སོགས་ལུང་མཐའ་ཡས་པ་འབྱུང་ངོ་། །གསུམ་པ་མཆོག་གི་དགོངས་པ་ནི། མཆོག་ཏུ་དགོངས་པ་མི་འགྱུར་བའི༔ ཡེ་ཤེས་བརྟན་པ་ཐོབ་པའི་ཕྱིར༔ ལུས་སེམས་ཁོང་ཀློད་དལ་བར་བྱ༔ མིག་གི་གསང་འབྲས་དབྱིངས་སུ་གཏད༔ ཆོས་ཉིད་དྲན་པས་གསལ་བཏབ་ལ༔ རིག་སྟོང་སྤྲོ་བསྡུ་བྲལ་བར་བསྐྱང༔ རྣམ་པར་རྟོག་པ་གང་ཤར་ཡང༔ རྗེས་སུ་མི་འབྲང་སྔུན་མི་བསུ༔ ད་ལྟར་རྩིས་གདབ་བྲལ་བའི་ངང༔ མ་བཅོས་མ་བསླད་གཉུག་མར་བཞག༔ ཅེས་གསུངས་ཏེ། དེ་ལྟར་ཞི་ལྷག་ལེགས་པར་གོམས་ནས་མཆོག་གམ་ཕུལ་དུ་གྱུར་པ་རང་བཞིན་རྫོགས་པ་ཆེན་པོ་གདོད་ནས་རང་བྱུང་གི་དགོངས་པ་མི་འགྱུར་བའི་ཡེ་ཤེས་ལ་བརྟན་པ་ཐོབ་པར་བྱ་བའི་ཕྱིར་དུ། སྔར་ཞི་གནས་སྐབས་ལྟར་ལུས་དང་སེམས་ཀྱི་གནད་ཧ་ཅང་བཅུན་པ་མ་ཡིན་པར། ལུས་རང་བབ་བདེ་ལུགས་སུ་གནས། སེམས་རང་གྲོལ་ཐ་མལ་དུ་བཞག་ལ་ཁོང་ཀློད་ཅིང་། ལུས་ཀྱི་བྱ་བྱེད་སྒུལ་སྐྱོད། ངག་གི་གཏམ་གླེང་འདོན་བརྗོད་སོགས་སྤངས་ལ་ཤིན་ཏུ་དལ་བར་སྡོད། མིག་ཡེ་ཤེས་འཆར་བའི་སྒོ་ཡིན་པས་རྒྱ་མཚོ་ཅོག་གཞག་ཅེས་བྱ་བ་འབྱེད་འཛུམ་མི་བྱ་བར་གསང་བའི་ལྟ་སྟངས་མིག་འབྲས་གྱེན་དུ་ལྡོག་ནས་མཁའ་དབྱིངས་སུ་ཧྲིག་གེར་
གཏད། རང་བྱུང་ཆོས་ཉིད་ཀྱི་དྲན་པས་གསལ་འདེབས་ཙམ་མ་གཏོགས་བསྒོམ་བྱ་སྒོམ་བྱེད་སོགས་བློའི་འཛིན་སྟངས་ཐམས་ཅད་བྲལ་བའི་རིག་སྟོང་རྗེན་པ་ལ་སེམས་ཀྱི་སྤྲོ་བསྡུས་མ་རེག་པར་བསྐྱང་། དེའི་ངང་དུ་ཚོགས་དྲུག་གི་རྣམ་པར་རྟོག་པའི་འཆར་སྒོ་ཇི་ལྟར་ཤར་ཡང་སེམས་ཀྱི་ཆོ་འཕྲུལ་ཁོ་ན་ལས་གཞན་དུ་མེད་པས་ཤར་ཟིན་པའི་རྗེས་སུ་འབྲང་བ་དང་འཆར་རྒྱུའི་སྔུན་བསུ་དང་། ད་ལྟའི་འཇོག་ལུགས་ལ་དགག་སྒྲུབ་གང་ཡང་མི་བྱ་བ་ཡིད་དཔྱོད་ཕྲལ་བས་རྩིས་གདབ་་མེད་པའི་ངང་དུ་བཟོ་མ་བཅོས། བློས་མ་བསླད་པའི་གཉུག་མ་གཤིས་ཀྱི་རང་བབས་སུ་བཞག་སྟེ། ལོ་ཆེན་བཻ་རོའི་ཞལ་ནས། བསྒོམ་དུ་མེད་པའི་ཆོས་དབྱིངས་རྗེན་པ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་བཞག །རྟོག་པ་སྐྱེས་ན་རང་ཤར་ངང་གིས་གྲོལ། །ལྟ་སྒོམ་མན་ངག་རྩ་བ་དེ་ལས་མེད། །ཅེས་གསུངས་པ་ལྟར། རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་གནད་ཐམས་ཅད་འདིར་ཡོད་པས་སེམས་རིག་ལེགས་པར་ཕྱེད་ནས་རིག་སྟོང་ལྷོངས་སུ་གྱུར་ན་ནམ་དུའང་ཀ་དག་གི་དབྱིངས་སུ་མཉམ་པར་བཞག་པ་ལས་མི་འདའ་འོ། །འདིར་ཆོས་ཉིད་ཀྱི་དྲན་པ་གསུངས་པ་ལས་འཕྲོས་ན། ཀུན་མཁྱེན་ཀློང་ཆེན་པས་ཚིག་དོན་རིན་པོ་ཆེའི་མཛོད་དུ་དྲན་པ་དྲུག་གི་རྣམ་གཞག་མཛད་པ་ཉིད་ལེགས་པར་གོ་ན་ཕྱག་རྫོགས་ཀྱི་རྣལ་འབྱོར་བསྒོམ་པའི་སྤྱི་ཆིངས་བླ་ན་མེད་པར་སྣང་སྟེ། ཇི་སྐད་དུ།
དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་ན་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་དུ་གྱུར་ཚེ་ཡེངས་ས་ཡེངས་མཁན་མེད། །རྟོགས་པ་མངོན་གྱུར་ཡེངས་ཡུལ་ཆོས་ཉིད་ངེས། །ཆོས་ཟད་ཚེ་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། །ཞེས་དྲན་པ་དྲུག་གསུངས་པའི་གཉིས་པ་སྟེ། དེའང་དང་པོ་ཞི་གནས་ཀྱི་སྐབས་སུ་སེམས་བྱུང་འདུ་བྱེད་ཀྱི་དྲན་པས་སེམས་ཀྱི་རྟོག་པ་ཐོལ་སྐྱེས་རྦད་གཅོད་བྱེད་པ་བཀའ་བརྒྱུད་པའི་རྩེ་གཅིག་སྐབས་དང་འདྲ། འདིའི་ཞི་གནས་ཀྱི་སེམས་འཛིན་རྐྱང་པའི་དབང་དུ་བྱས་ན་དེ་ཀ་ལས་མ་འདས། གཉིས་པ་ཆོས་ཉིད་ཀྱི་དྲན་པ་ནི། སྤྲོས་བྲལ་ལྷག་མཐོང་གི་རིག་པ་རྗེན་པར་མཐོང་ནས་བཟུང་དེའི་ངང་བསྐྱངས་པས་རྟོག་པའི་ཕུང་པོ་རང་གྲོལ་དུ་འགྱུར་བ། གསུམ་པ་ནི། རོ་གཅིག་གི་སྐབས་སྣང་སེམས་འདྲེས་པས་དྲན་སྣང་ཡེ་ཤེས་སུ་འཆར་བ། བཞི་པ་ནི། སྒོམ་མེད་ཆུང་ངུའི་སྐབས་ཉམས་ཀྱི་མཉམ་རྗེས་འདྲེས་པས་ཡེངས་ས་དང་ཡེངས་མཁན་མེད་པར་ཆོས་ཉིད་ཐིག་ལེ་གཅིག་ཏུ་བཟླུམ་པ། ལྔ་པ་ནི། སྒོམ་མེད་འབྲིང་པོར་རྟོགས་པའི་མཉམ་རྗེས་འདྲེས་པས་ཡེངས་ཡུལ་ཆོས་ཉིད་དུ་ཤར་བ། དྲུག་པ་ནི། སྒོམ་མེད་ཆེན་པོའི་སྐབས་ཁྲེགས་ཆོད་ཀྱི་ཆོས་ཉིད་ཟད་པའི་སྣང་བ་མངོན་དུ་གྱུར་པས་
མཚོན་བརྗོད་ཀྱི་ཡུལ་ལས་འདས་པའོ། །བཞི་པ་དེ་དག་གི་ཕན་ཡོན་ནི། རྣམ་རྟོག་ཞི་ཞིང་ངོ་བོ་མཐོང༔ ཟུང་འཇུག་ཡེ་ཤེས་མངོན་དུ་འགྱུར༔ ཅེས་གསུངས་ཏེ། ཇི་སྐད་བཤད་པའི་རིམ་པ་དེ་དག་ཚུལ་བཞིན་ཉམས་སུ་བླངས་པའི་ཡོན་ཏན་ནི། ཐུན་མོང་གི་བསམ་གཏན་ལ་བརྩོན་པས་རྣམ་པར་རྟོག་པའི་ཚོགས་དབྱིངས་སུ་ཞི་ནས་སེམས་རང་ལུགས་སུ་གནས། ཁྱད་པར་ཡུལ་དང་ཡུལ་ཅན་གྱི་རྟོག་པ་རྩད་བཅད་ནས། རང་ངོ་ལ་མཉམ་པར་བཞག་པས་གནས་ལུགས་ཀྱི་ངོ་བོ་མཐོང་། མཆོག་ཏུ་དགོངས་པ་མི་འགྱུར་བའི་དབྱིངས་སུ་བསྐྱལ་པས་ཞི་ལྷག་ཟུང་འཇུག་གནས་ལུགས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བས་ན། སྐལ་བ་དང་ལྡན་པ་རྣམས་ཀྱིས་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱ་བའི་གསང་ལམ་བླ་ན་མེད་པ་ཉིད་དོ། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ཐུན་གྱི་རྗེས་སྤྱོད། ཐུན་མཚམས་ཀྱི་རྣལ་འབྱོར། མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། ཐུན་རྗེས་བསྔོ་སྨོན་རྒྱ་ཡིས་གདབ༔ ཅེས་གསུངས་ཏེ། དེ་ལྟར་ཐུན་བཞི་ལ་སོགས་པ་བཅད་ནས་མཉམ་གཞག་ཏུ་སོ་སོའི་སྐབས་སུ་བབས་པའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ། དེ་ལས་ལྡངས་ཏེ་སྤྱོད་ལམ་ལ་འཇུག་པར་བརྩམ་པ་ན། དགེ་བ་འདིས་མཚོན་རང་གཞན་དུས་གསུམ་དུ་བསགས་པའི་རྣམ་པར་དཀར་བ་ཅི་མཆིས་པ་ཐམས་ཅད་མཁའ་
ཁྱབ་ཀྱི་སེམས་ཅན་གདོད་མའི་དབྱིངས་སུ་བདེ་བླག་ཏུ་གྲོལ་བའི་ཕྱིར་དུ་འཁོར་གསུམ་ཡོངས་དག་གི་བསྔོ་བ་དངོས་སམ་རྗེས་མཐུན་པས་རྒྱས་གདབ་ཅིང་། ཐེག་པ་ཆེན་པོའི་སྨོན་ལམ་ཐུན་མོང་མ་ཡིན་པ་ཇི་ལྟར་ནུས་པ་རྒྱ་ཆེར་གདབ། རྒྱུན་དུ་རྒྱས་པ་མ་ལྕོགས་ཀྱང་མདོར་བསྡུས་པའི་བསྔོ་སྨོན་རྣམ་པར་དག་པས་དགེ་རྩ་ཡོངས་སུ་སྤེལ་བ་ནི་ཅི་ནས་གལ་ཆེའོ། །གཉིས་པ་ཐུན་མཚམས་ཀྱི་རྣལ་འབྱོར་ལ་གསུམ། སྤྱོད་ཡུལ་ལམ་ཁྱེར། དགོངས་པའི་འགག་དོན། དེ་ལས་ཉམས་བཞི་སྐྱེ་ཚུལ་ལོ། །དང་པོ་ནི། ཐུན་མཚམས་ཚོགས་དྲུག་ལྷུག་པར་སྤྱོད༔ གོ་བའི་ཡིད་དཔྱོད་ཅི་དགར་བོར༔ ཉམས་ལ་མ་ཞེན་ཡང་ཡང་བཤིག༔ ཅེས་གསུངས་ཏེ། མཉམ་གཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་དེ་ཉིད་རྗེས་ཐོབ་ཀྱི་སྐབས་སུའང་ཆོས་ཉིད་ཀྱི་དྲན་པས་ཟིན་པར་བྱས་ཏེ། མིག་གི་ཡུལ་དུ་གཟུགས། རྣ་བར་སྒྲ །སྣ་ལ་དྲི། ལྕེ་ལ་རོ། ལུས་ལ་རེག་བྱ། ཡིད་ལ་རྟོག་ཚོགས་ཆོས་སུ་སྣང་བ་སྟེ་ཚོགས་དྲུག་གི་གཟུང་འཛིན་ཇི་ལྟར་ཤར་ཡང་ཕྱིའི་ཡུལ་མི་དགག །ནང་གི་ཤེས་པས་མི་འཛིན་པར་བུ་ཆུང་གིས་ལྷ་ཁང་མཐོང་བ་ལྟར་རང་གསལ་འཛིན་མེད་རྒྱ་ཡན་ལྷུག་པར་བཞག་པས་སྣང་སེམས་གཞི་མེད་རྩ་བྲལ་དུ་གྲོལ་བར་འགྱུར་ཏེ་ཀུན་མཁྱེན་ཀློང་ཆེན་པས། ཚོགས་དྲུག་ལྷུག་པ་བུ་ཆུང་ལྟ་བུའི་སེམས། །རང་གསལ་མི་གཡོ་ཡེ་ཤེས་ཆེན་པོར་འཆར། །ཞེས་དང་།
གང་སྣང་ཐོག་དེར་བཅོས་བསླད་བྲལ་བ་ན། །ངར་འཛིན་ཤེས་པ་མ་སྤངས་དབྱིངས་སུ་གྲོལ། །རང་གཞག་ལྟོས་བྲལ་སྒོམ་པའི་རྒྱལ་པོ་མཆོག །ཕྱམ་བདལ་རིག་པ་ནམ་མཁའ་ལྟ་བུར་འཆར། །ཞེས་གསུངས་སོ། །འདི་ལྟར་བཤད་པ་ཚིག་ཡིན། གོ་བ་བློ་ཡིན། བློ་འདས་ཀྱི་དོན་མ་རྟོགས་ན་བློས་བྱས་ཀྱིས་གནས་ལུགས་ནམ་ཡང་མི་རྟོགས་པས། སྤྲོས་བྲལ་དང་། མ་བཅོས་པ་དང་། གཤིས་ལུགས་སོགས་འཇོག་ཡུལ་ཡོད་ཕྱིན་ཆད་བློས་མ་རེག་པ་མི་འབྱུང་བས། སེམས་སུ་གཏོགས་པའི་ཡིད་དཔྱོད་ཀྱི་འཛིན་སྟངས་ཕྲ་རགས་ཐམས་ཅད་ཅི་དགའ་བར་རྒྱང་དུ་དོར་བ་གལ་ཆེ་སྟེ། གཤིས་གནས་པ་ལ་དྲན་པ་མེད། །མངོན་སྣང་རྟོགས་ལ་སྤང་བླང་མེད། །སེམས་རྒྱུན་ཟད་ལ་འདུ་ཤེས་མེད། །ཅིག་ཆར་བ་ལ་བློ་དངོས་མེད། །ཅེས་གསུངས། ཐོག་མར་ཞི་གནས་གོམས་པ་སོགས་ཀྱི་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་འབྲལ་མི་ཕོད་པ་ལྟ་བུ་དང་། གཞན་ཡང་གནས་ལུགས་ལ་མཉམ་པར་བཞག་པའི་སྟོབས་ཀྱིས་རླུང་དབུ་མར་ཅུང་ཟད་ཞུགས་པའི་རྟགས་སུ། ཤེས་ཉམས་སྣང་ཉམས་ཇི་འདྲ་བ་ཞིག་འཆར་ཡང་དེ་ལ་ཞེན་ན་གོལ་སར་ལྟུང་བས་གང་ལའང་འཛིན་ཞེན་མི་བྱེད་པར་མྱོང་བ་པོའི་རང་ངོ་ལ་བལྟས་ཏེ་མི་རྟོག་པའི་དབྱིངས་སུ་ཡང་ནས་ཡང་དུ་བཤིགས་པས། ཇི་ཞིག་ནས་ཉམས་སངས་ནས་རྟོགས་པའི་རང་
ཞལ་མཇལ་བའི་གྲོགས་བྱེད་པ་ཡིན་ནོ། །གཉིས་པ་དགོངས་པའི་འགག་དོན་ནི། རྟོག་པ་རང་ཐོག་ངོ་འཕྲོད་པ༔ དེ་ཉིད་ཁོ་ནར་ཐག་བཅད་ཅིང༔ མི་སྒོམ་དོན་དང་མི་འབྲལ་བས༔ གཟུང་འཛིན་སྦྲུལ་མདུད་བཞིན་དུ་གྲོལ༔ དགོངས་པ་དེ་ཡི་གདིང་བཟུང་བས༔ ཞེས་པས་བསྟན་ཏེ། རྟག་ཏུ་ཉམས་ལེན་བྱ་རྒྱུའི་སྙིང་པོ་ཧྲིལ་དྲིལ་ན། རྣམ་རྟོག་རང་གི་ངོ་བོ་ལ་ཁྱབ་ཀྱང་སྔ་ཕྱིའི་དྲན་རྟོག་བསམ་མནོས་བཅོས་བསླད་མ་བྱས་པའི་ད་ལྟར་གྱི་རིག་པ་ངོ་བོ་ངོས་བཟུང་ལས་འདས་པ། རང་གསལ་རང་བྱུང་གདོད་ནས་མི་འགྱུར་བའི་ཡེ་ཤེས། བློ་འདས་ཀྱི་གནས་ལུགས་ཝ་ལེ་སང་ངེ་ཕྱམ་གདལ་ཆེན་པོ་ཉིད་ཀ་དག་རང་བྱུང་གི་ཡེ་ཤེས་སུ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ། དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་སྐད་ཅིག་སོ་མ་ཧྲིག་གེ་སང་ངེར་གནས་པ་དེ་ལ་བཞི་ཆ་སུམ་བྲལ་ཅེས་བྱ་སྟེ། དེ་ཉིད་ཁོ་ན་ལས་རྒྱལ་བའི་དགོངས་པ་གཞན་དུ་མེད་པར་རྟོགས་པ་ནི་ཐག་གཅིག་ཐོག་ཏུ་བཅད་པ། དེ་ལྟར་ངོ་འཕྲོད་ཅིང་ཐག་ཆོད་ཀྱི་ངེས་ཤེས་སྐྱེས་ཕྱིན་ཆད། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། །ཞེས་པའི་དོན་བཞིན་ཅིར་ཡང་མི་སྒོམ་ཞིང་གནས་ལུགས་ཀྱི་དོན་དང་ནམ་ཡང་མི་འབྲལ་བས་གཟུང་འཛིན་རྣམ་རྟོག་གི་མཚན་མ་ཇི་ལྟར་ཤར་ཡང་གཤིས་ལ་སྐྱེ་འགག་མེད་པས་སྦྲུལ་མདུད་རང་བཞིན་གྲོལ་བ་ལྟར། རིག་
པའི་ནམ་མཁར་སེམས་ཀྱི་སྤྲིན་ཚོགས་ཤར་ཡང་ཕན་གནོད་མི་བྱེད་པར་རང་ཤར་རང་གྲོལ་གྱི་གནད་རིག་ནས་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་ལ་སོང་བ་ནི་གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་སྟེ། དེ་ལྟ་བུའི་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བླ་ན་མེད་པའི་གདིང་བཟུང་བ་ལ་ལམ་གྱི་གནད་ཡོངས་སུ་རྫོགས་པར་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་ལས་རྒྱས་པར་བསྟན་པ་ཡིན་ནོ། །གནད་མདོར་བསྡུ་ན། ཀུན་མཁྱེན་ཆོས་རྗེས་ལྟ་བ་ཡེ་གྲོལ་དུ་རྟོགས་ཀྱང་། སྒོམ་པ་ཡིན་ཐོག་ཏུ་མ་བཞག་ན་འཁོར་བའི་འཁྲུལ་སྣང་ལྡོག་མི་སྲིད་པས། རིག་པ་གཤིས་ཐོག་ཏུ་གོམས་པ་གནད་དུ་ཆེའོ། །ཞེས་གདམ་པ་ལྟར་རོ། །འདིའང་རིམ་གྱིས་པ་རྣམས་ཀྱིས་རྟོགས་ཚུལ་རྣལ་འབྱོར་བཞི་རིམ་དང་སྦྱོར་ན། སྤྲོས་བྲལ་གྱི་སྐབས་སུ་རིག་པ་དང་པོར་མཐོང་བས་ངོ་རང་ཐོག་ཏུ་ཤེས། དེ་ལ་བརྟན་པ་ཐོབ་པས་ཐག་གཅིག་ཐོག་ཏུ་ཆོད། རོ་གཅིག་གི་སྐབས་སྣང་སེམས་འདྲེས་པས་གདིང་གྲོལ་ཐོག་ཏུ་འཆོས། སྒོམ་མེད་སྐབས་ཤེས་དང་ཤེས་བྱ། ཆོས་ཅན་དང་ཆོས་ཉིད་ལ་སོགས་པའི་ཐ་སྙད་ཐམས་ཅད་དབྱིངས་སུ་ཟད་པས་རྟོགས་པ་མཐར་ཕྱིན་པའོ། །གསུམ་པ་དེ་ལས་ཉམས་བཞི་སྐྱེས་ཚུལ་ནི། ཆོས་ཉིད་རིག་པ་མངོན་སུམ་མཐོང༔ རང་གྲོལ་ཉམས་མྱོང་གོང་དུ་འཕེལ༔ སྣང་སེམས་རོ་གཅིག་
ཚད་ལ་ཕེབས༔ སྒོམ་མེད་ཆོས་ཉིད་ཟད་སར་འཁྱོལ༔ ཅེས་གསུངས་ཏེ། དེ་ལྟར་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་སྒོམ་མ་འཁྲུལ་པ་ཉམས་སུ་བླངས་པས། ཤེས་ཉམས་བཞི་རིམ་པར་འཆར་བར་འགྱུར་ཏེ། དེའང་མ་འཁྲུལ་པའི་གནད་སེམས་རིག་ཤན་འབྱེད་པ་ལ་ཐུག་པས་འཁྲུལ་པའི་སྣང་ཚུལ་ཇི་སྙེད་པ་སེམས་དང་། མ་འཁྲུལ་པའི་གཤིས་ལུགས་རིག་པ་ཡིན་པ་གཞིར་བྱས་པ་ལ། ཁྱད་པར་དྲུག་གིས་འབྱེད་པའི་ཚུལ་དང་པོ་གོ །བར་དུ་ཉམས་སུ་མྱོང་། མཐར་རྟོགས་ནས་མངོན་དུ་གྱུར་ཏེ། གདོད་ནས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཆོས་ཉིད་ཀྱི་དབྱིངས་དང་འདུ་འབྲལ་མེད་པར་གནས་པའི་རིག་པའི་ཡེ་ཤེས་རྗེན་ཅར་དུ་རྟོགས་པ་ནི་ཆོས་ཉིད་མངོན་སུམ། དེའི་ངང་དུ་ཆོས་ཉིད་ཀྱི་དྲན་པ་བསྟེན་ཏེ་མཉམ་པར་བཞག་པས་ཚོགས་དྲུག་གི་བྱུང་ཚོར་ཐམས་ཅད་གཞི་མེད་རང་གྲོལ་དུ་སོང་བ་ནི་ཉམས་གོང་འཕེལ། ཕྱིའི་སྣང་ཡུལ་དང་ནང་གི་སེམས་ཉིད་མེ་ལོང་དང་གཟུགས་བརྙན་ལྟར་གཉིས་སུ་སྣང་ཡང་གཉིས་མེད་རོ་གཅིག་ཏུ་འདྲེས་ནས་ཐམས་ཅད་རིག་པའི་རང་རྩལ་འབའ་ཞིག་ཏུ་ཤར་བས་ཅིར་སྣང་ཆོས་ཉིད་ལས་མ་གཡོས་པ་ནི་རིག་པ་ཚད་ཕེབས། གདོད་མའི་གཤིས་ལུགས་རང་རིག་འགྱུར་བ་མེད་པ་ལ་བརྟན་པ་ཐོབ་པས་བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་རྟོག་དབྱིངས་སུ་དག །ཆོས་ཅན་འཁྲུལ་པའི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ཐིམ་
པ་ལ་ཀ་དག་ཆོས་ཟད་དུ་གྲོལ་བའམ་ཆོས་ཉིད་ཟད་སར་འཁྱོལ་བ་ཞེས་བྱ་སྟེ་འདིའི་གནད་གསང་ཕྲ་ཞིང་ཟབ་པ་རྣམས་ནི་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་རྣམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །འདིར་དངོས་བསྟན་གྱི་ཤུགས་ལས་འོད་གསལ་ཐོད་རྒལ་གྱི་སྣང་ཉམས་རྣམས་ཀྱང་བསྟན་པ་ཡིན་པས་ཉམས་ལེན་ནུས་ན་གསང་བ་སྙིང་ཐིག་གི་གཞུང་ལུགས་རྣམས་ལས་རྟོགས་པར་བྱའོ། །གཞན་ཡང་བདག་འཛིན་དབྱིངས་སུ་མ་ཟད་ཀྱི་བར་དུ་ལས་འབྲས་བསླུ་བ་མེད་པ་ལ་བླང་དོར་དང་། མོས་གུས་སྙིང་རྗེ་དག་སྣང་རྒྱ་ཇེ་ཆེར་བསྐྱེད་པ་སོགས་ལམ་གྱི་གེགས་བསལ་ཞིང་བོགས་འདོན་པའི་ཐབས་ཀྱི་ཡན་ལག་རྣམས་ཀྱང་ཁྲིད་རིམ་སྤྱི་དང་མཐུན་པར་འཆད་ཅིང་ལག་ལེན་ཐེབས་པ་གལ་ཆེའོ། །གསུམ་པ་མཐར་ཐུག་གི་འབྲས་བུ་བསྟན་པ་ནི། ཤེས་དང་ཤེས་བྱ་དབྱེར་མེད་པ༔ ཞི་བ་དམ་པ་ཆོས་ཀྱི་སྐུ༔ ཀུན་བཟང་པདྨ་བདེ་བ་ཆེ༔ ཚེ་འདི་ཉིད་ལ་མངོན་གྱུར་ནས༔ རང་གཞན་དོན་གཉིས་མཐར་ཕྱིན་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་དེ་ལ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རིམ་གཉིས་ཡོངས་སུ་རྫོགས་པ་ཙམ་དུ་མ་ཟད་རིགས་ཀུན་ཁྱབ་བདག་གུ་རུ་རིན་པོ་ཆེ་ལ་བརྟེན་པའི་ཟབ་ལམ་མཆོག་དང་ཕུལ་དུ་གྱུར་པ་ཡིན་པས། དབང་པོ་རབ་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་གནས་ལུགས་ཡེ་གྲོལ་དུ་རྟོགས་པས་བསྐྱར་ནས་གྲོལ་རྒྱུ་མེད་པར་ཡིད་ཆེས། གཤིས་ཉིད་རང་གྲོལ་
དུ་ཤེས་པས་གཉེན་པོས་དཀྲོལ་དུ་མེད་པར་ཐག་ཆོད། གདོད་ནས་ཡོངས་གྲོལ་དུ་རྟོགས་པས་གྲོལ་སར་རང་བཞིན་གྱིས་གནས་པར་གདིང་འཆོས། གཉུག་མ་ལྷུན་གྲུབ་ཆོས་སྐུ་རང་གནས་ཆེན་པོར་ལ་ཟློས་ཏེ་ཡུལ་ཅན་ཤེས་པ་དང་ཡུལ་ཤེས་པ་གཉིས་མེད་རོ་གཅིག་ཏུ་འདྲེས། གཙང་རྟག་ཞི་བ་བདག་དམ་པའི་ཕ་རོལ་དུ་སོན་པ་སྲིད་ཞི་ཀུན་གྱི་ཁྱབ་བདག་ཆོས་ཀྱི་སྐུ་གདོད་མའི་མགོན་པོ་ཀུན་བཟང་པདྨ་བདེ་བ་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་གྱུར་ནས་རང་དང་གཞན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཆེན་པོ་མཐར་ཕྱིན་པར་འགྱུར་བ་ཡིན་ལ། དབང་པོ་དང་བརྩོན་འགྲུས་འབྲིང་པོས་ཀྱང་བར་དོར་ཆོས་ཉིད་མ་བུ་འདྲེས་ཏེ་ཡེ་གཞིའི་གྲོལ་སར་སྙོགས་པར་འགྱུར་བ་དང་། ཐ་མ་རྣམས་ཀྱང་མོས་པའི་སྟོབས་དང་ཆོས་ཉིད་ཀྱི་བདེན་པ། རིག་འཛིན་བླ་མའི་བྱིན་རླབས་ཀྱི་མཐུ་ཆེན་པོས་སྲིད་པ་བར་དོར་དག་པའི་ཞིང་ཁམས་སུ་དབུགས་དབྱུང་བར་གདོན་མི་ཟ་ཞིང་། ཤིན་ཏུ་ཐ་མ་དག་ཀྱང་ཟབ་ཆོས་འདིར་དད་ཅིང་དམ་ཚིག་མ་ཉམས་ན་སྐྱེ་བ་བརྒྱུད་དེ་ལམ་རིམ་པར་བགྲོད་ནས་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པར་འགྱུར་བས། མི་ལུས་ཐོབ་ཅིང་ངེས་གསང་རྡོ་རྗེ་ཐེག་པ་ཟབ་མོའི་མྱུར་ལམ་འདི་ལྟ་བུ་དང་མཇལ་བའི་སྐལ་པ་བཟང་པོ་ཅན་དག་གིས་ལོངས་ཡོད་བཏང་སྙོམས་དང་། འདི་ལས་འདི་ལེགས་སྙམ་པའི་བློ་མང་གི་དབང་དུ་མ་ཤོར་བར་སྙིང་པོའི་ཟབ་ལམ་འདི་ལྟ་བུ་ལ་རྩེ་གཅིག་
པའི་ཉམས་ལེན་རྒྱུད་ལ་འབྱོར་བ་བགྱིད་འཚལ་ལོ། །གསང་བ་རྗེན་པ་སྐལ་མེད་ལ་ཕྱུངས་པའི། །ནོངས་པ་རྩ་གསུམ་ལྷ་ཡི་སྤྱན་སྔར་བཤགས། །འདིར་འབྲེལ་འགྲོ་ཀུན་བླ་མ་བདེ་བ་ཆེའི། །གསང་བ་གསུམ་དང་མཉམ་ཉིད་བྱིན་རླབས་སྩོལ། །བདག་དང་མཁའ་ཁྱབ་ཡིད་ཅན་མ་ལུས་པ། །ཀུན་བཟང་པདྨས་འབྲལ་མེད་རྗེས་བཟུང་སྟེ། །འཁྲུལ་རྟོག་དྲི་མ་སྐད་ཅིག་གཅིག་ལ་སངས། །རང་བྱུང་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཅེས་ཚིག་ཉུང་ལ་ཟབ་དོན་གྱི་གནད་ཤིན་ཏུ་འདྲིལ་བའི་རྡོ་རྗེའི་ཚིག་རྐང་ཁྱད་པར་ཅན་འདིས་སྐལ་མཉམ་ལ་ཕན་ཐོགས་པར་རེ་བས། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས། རྫོང་སར་བཀྲ་ཤིས་ལྷ་རྩེའི་དབེན་ཁང་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཞུགས་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།