Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར། པདྨ་འགྱུར་མེད་རྒྱ་མཚོ།
   
   
   
   
   
   
   
   
   
   
   


 
previousབདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར། པདྨ་འགྱུར་མེད་རྒྱ་མཚོ།next

བདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར། པདྨ་འགྱུར་མེད་རྒྱ་མཚོ།


RTZ014_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། །


RTZ014_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་བཀའ་བརྒྱད་བདེར་གཤེགས་འདུས་པའི་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་རབ་འབར་ཞེས་བྱ་བ། བཅོམ་ལྡན་འདས་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །རང་རི༵ག་མེ་ཡིས་གཟུང་འཛི༵ན་བུད་ཤིང་ཀུན། །བསྲེགས་ལས་འ༵གྱུར་བཅས་ལྕགས་ཁམས་འཕོ་མེ༵ད་གཞིར། །རྒྱས་ཐེབས་རྡོ༵་རྗེ༵་འཁོར་ལོའི་འོད་ཟེར་གྱིས། །སྒྲིབ་མུན་མཐར་བྱེད་ཧེ་རུ་ཀ་དཔལ་རྒྱལ། །གང་ཞིག་ཚུལ་འདིར་ཞུགས་ཚེ་འདོད་འབྲས་གཏེར། །སྙིང་པོར་འབབ་གང་དགེ་མཚན་བདེ་ཆེན་གྱི། །སྣང་བ་རབ་འབྱམས་དངོས་གྲུབ་ཉིན་བྱེད་འོད། །འབར་བའི་དགའ་སྟོན་དོན་གཉེར་འདིར་འདུས་ཤིག །དེ་ཡང་རྟེན་གྱི་གང་ཟག་དབང་ཐོབ་ཅིང་བསྙེན་སྒྲུབ་ཚད་དུ་ཐེམས་པའི་སྔགས་པས་མྱུར་ལམ་སྦྱིན་སྲེག་གི་རིམ་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། ཕྱི་ནང་གསང་བ་ཡང་གསང་བཞིའི། དང་པོ་ལ་སྦྱོར་བ་དང་། དངོས་གཉིས། དང་པོ་ནི། གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང། རྡོ་རྗེ་དང་བཅས་པའི་


RTZ014_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད་པ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བཞི་དོར་བར་རྒྱ་དཔངས་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་མུ་རན་ལ་མེ་རི་གཡས་སྐོར། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པའི་ཚད་ཅན་རྩེ་མོ་ཤར་དུ་ཕྱོགས་པས་མཛེས་པ། ཐབ་སྟེགས་ཀྱི་སྟེང་གི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པའོ། །བརྐོས་ཐབ་ཏུ་བྱེད་ན་སྟེགས་བུའི་དབུས་སུ་མཆུ་དམའ་བ་དང་ཐབ་ཀྱི་ཟབས་བརྐོས་ལ་དེ་ནས་མཆུ་སོར་བཞི་ཕྱིར་འགྱེད་པ་ནས་ཁ་ཁྱེར་རྒྱ་དཔང་སོར་བཞི་པ་བྱ་བ་ཙམ་ཁྱད་པར་ཡིན། བྲིས་ཐབ་ཏུ་བྱེད་ན་སྟེགས་བུའི་སྟེང་དྲི་བཟང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བའི་ཆག་ཆག་བཏབ་ལ་ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར། སོར་བཞི་པའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་འགོད། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པ་ཙམ་མམ་འདབ་


RTZ014_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་དབུས་སུ་རྡོ་རྗེ། ཟླུམ་བསྐོར་བར་མར་མེ་རི་དཀར་པོ་གཡས་སྐོར། ཕྱི་མར་རྡོ་རྗེའི་ཕྲེང་བ་རྣམས་བྲི། བརྩིག་ཐབ་སོགས་གང་གི་ཚེ་ཡང་ཁ་དོག་དཀར་པོར་བྱ་ཞིང་། བཅད་ཚོན་སོགས་ཀྱང་དམར་སྐྱ་ས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེ་ལྟར་ཡང་ཞི་བ་རིགས་བརྒྱའི་སྦྱིན་སྲེག་རྩ་བ་ལས། དེ་ནས་སྦྱིན་སྲེག་སྦྱོར་བ་ནི༔ ཐབ་བརྩིག་རྒྱར་ནི་ཁྲུ་གང་བ༔ ཟབས་སུ་ཁྲུ་ཕྱེད་ཟླུམ་པོར་བརྐོ༔ སོར་བཞི་གསུམ་ནི་དོར་བྱས་ལ༔ དབུས་སུ་རྡོ་རྗེ་བརྒྱད་པའི་ཚད༔ ཐབ་དཀར་བར་དུ་མེ་རི་འོ༔ སྟེང་དུ་རྡོ་རྗེ་ཕྱི་རོལ་ཏུ༔ འོད་ཟེར་དཀར་པོ་དང་མཚུངས་སོ༔ ཞེས་སོ། །དེར་སྲོག་ཆགས་མེད་པའི་བ་ལྕིའམ་བལ་བུ་སོགས་མཆོད་སྦྱིན་གྱི་ཤིང་ལ་ཙནྡན་དཀར་པོའི་ཆུ་འོ་མ་དང་སྦྱར་བས་ཅུང་ཟད་བྲན་པ་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིག་སྟེ། སྔ་མ་ལས། བུད་ཤིང་དཀར་པོ་ཁྲུ་གང་ཚད༔ ཙནྡན་དཀར་པོ་འོ་མས་སྦང༔ མཆོད་སྦྱིན་འདིར་ནི་ཁྲུ་གང་ཚད༔ ཅེས་སོ། །རང་གི་གཡས་སུ་ཁེབས་དཀར་པོས་བཀབ་པའི་སྟེགས་ལ་རིམ་པ་བཞིན་དུ། སྔ་མ་ལས། འདབ་མ་དང་བཅས་རྩེ་མོ་ངོས༔ སྔར་བཞིན་སྦངས་ལ་ཡམ་ཤིང་བྱ༔ ཞེས་པ་ལྟར་རམ་སྤྱི་མཐུན་པ་འོ་མ་ཅན་གྱི་ཡམ་ཤིང་མཐོ་གང་བ་མངར་གསུམ་དང་མར་ཁུར་ཉུག་པ། དེ་བཞིན་དུ་མངར་གསུམ་སྦྱར་བའི་ཞུན་མར་དང་། ཏིལ་དཀར་པོ། གུར་གུམ་འོ་མར་བཅས་པའི་ཞོ་ཟན་དང་། འབྲས་མ་གྲུག་པ་དང་། སོ་བ་བྲ་མ་མེད་པ་དང་། ནས་དང་། སྲན་མ་དང་། གྲོ་དང་། དཱུརྦ་དང་། ཀུ་ཤ་རྣམས་དང་། གཞན་ཡང་བཤལ་སྨན་དང་དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་བ་རྣམས་འཇིག་རྟེན་པ་དང་། འཇིག་རྟེན་ལས་


RTZ014_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་རིམ་པས་ཉིས་རིམ་དུ་འགོད། གཡོན་ངོས་སུ་གོང་འདྲའི་སྟེགས་ལ་འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་སྨན་རཀ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ལས་བུམ། མདུན་དུ་རྡོལ་དྲིལ་དགང་བླུགས་དང་བཅས་འདུ་བྱ་སྟེ། སྔ་མ་ལས། མར་དང་དཀར་གསུམ་མངར་གསུམ་དང༔ ཡམ་ཤིང་འོ་མ་ཆན་དང་ནས༔ དེ་ལ་སོགས་པའི་མཐུན་རྫས་རྣམས༔ རིམ་པ་བཞིན་དུ་དབུལ་བར་བྱ༔ ཏིལ་ནི་མེད་དུ་མི་རུང་ངོ༔ ཞེས་དང་། ཆོག་བྱང་རྩ་བར། དེ་ནས་སྒྲུབ་པ་པོའི་གཡས་ཕྱོགས་སུ་ནི༔ ཞེས་པ་ནས། ཏིལ་དཀར་སོགས་པ་ནི་མདུན་དུ་བཞག་སྟེ༔ དེ་ཡང་ཕྲེང་བའི་ཚུལ་དུའོ༔ ཞེས་སོ། །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། ཟླ་བ་ཡར་གྱི་དེའི་བཀྲ་ཤིས་པའི་ཉི་མའི་སྲོད་ཀྱི་ཆ་ལ་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་ཞིང་དེས་པའི་སེམས་ཀྱིས་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་ཤར་དུ་ཕྱོགས་པར་འདུག་སྟེ། རྩ་བར། དེ་ནས་དཀར་པོའི་རྒྱན་ཆ་བགོ༔ ཡིད་དང་བས་ནི་ཀུ་ཤའི་སྟེང༔ སེམས་དཔའི་སྐྱིལ་ཀྲུང་རབ་ཏུ་བརྟན༔ ཞེས་སོ། །དེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་ལས་བུམ་བསྒྲུབ་པའམ་བསང་གཏོར་རྣམས་བདུད་རྩི་ཉིད་ཀྱིས་བྱས་ཀྱང་རུང་། སྒྲུབ་མཆོད་དང་འབྲེལ་བའི་ཚེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿཕཊ་ཛཿ ཞེས་བརྗོད་པས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ།


RTZ014_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དྲིལ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀ་ན་གསོར། ཨོཾ་བཛྲ་གྷཎྜཻ་ཨཱཿ ལག་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་བསམ། མཆོད་བསྲེག་གི་རྫས་བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིན་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ།


RTZ014_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །གཙུབ་ཤིང་ལས་བྱུང་བའམ་དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པས་སྤར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་བསངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་


RTZ014_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཡོགས་སོ། །རྩ་བར། དེ་ནས་ཀུ་ཤ་དག་ལ་ནི༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསང༔ བྲམ་ཟེའི་ཁྱིམ་མམ་གཙུབས་ཤིང་མེ༔ རླུང་གཡབ་ཀྱིས་སྦར་ལས་ཀྱིས་བསང༔ ཞེས་སོགས་ཀྱི་དོན་ནོ། །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་


RTZ014_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྤྱན་དྲངས་པར་བསམས་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨཱ་གཙྪ་ཡཿ མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསྭཱ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང་། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿནས་ཤབྡའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་འགྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཅེས་བསྟོད། བུམ་ཆུས་གཏོར་ཞིང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་


RTZ014_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲི་ཡེ་ཧཱུྃ། ཞེས་བུམ་ཆུས་གཏོར་ཞིང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ། ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་། ཨོཾ་པཱ་བ་ཀ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུ་སྤེལ་ཚིག་སྦྲེལ་བས་འབུལ། ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལས། ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་། དཱུརྦ་དང་། ཀུ་ཤ་སོགས་འོད་ཀྱིས་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་དབུལ་


RTZ014_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཕུ་ལེ་མ་ཧཱ་ད་ར་པེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་འབྱུང་བ་ལྟར་རམ། སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་ཅེས་སོགས་གོང་བཞིན་སྦྲེལ། དེ་དག་གི་དམིགས་པ་ནི། ཆོག་བྱང་རྩ་བར། བསྲེག་རྫས་བདུད་རྩི་ཕུལ་བས་མེ་ལྷ་མཉེས་ཏེ༔ འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་པ་བསྲེགས་ཏེ༔ སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་པར་བསམས་ཏེ༔ བཤང་བའི་ལམ་ནས་འཐོན་པར་བསམ་པའམ༔ ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ༔ སྙིང་ག་ནས་བརྩམ་བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ་རྫས་ལ་བསྟིམས་པས་མཆོད་པ་ནི་མན་ངག་གོ༔ དེ་བཞིན་དུ་ནད་དང༔ དགྲ་དང༔ འབྱུང་པོའི་ནད་ལ་སོགས་པ་ཐམས་ཅད་ལའང་སྦྱར་བར་བྱའོ༔ གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ན་ཡང་དེ་བཞིན་དུ་བྱའོ༔ ཞེས་སོ། །སྐབས་འདིར་སྤྲོ་ན་


RTZ014_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བླང་བའི་དོན་དུ་དགང་བླུགས་ཀྱང་འབུལ་བར་གསུངས་ཤིང་མ་འབྱོར་ཀྱང་སྐྱོན་མེད། གང་ལྟར་ཡང་། ཨ་ཀཱ་རོའི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཨོཾ་ཨཱཿཧཱུྃ་མུཾ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་


RTZ014_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། གཉིས་པ་ལ། གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཧཱུྃ། དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས། །རང་བྱུང་ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཤེལ་གསེར་རཱ་ག་དང། །མརྒད་བཻ་ཌཱུར་ཡི་རང་བཞིན་ཅན། །ཞེས་པ་ནས། ཕོ་མོ་ཁ་བུབ་གན་རྐྱལ་བསྣོལ་མར་གྱུར། །ཞེས་པའི་བར་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་བཞིན་ནོ། །སྐབས་འདིར་སྦྱིན་སྲེག་རྐྱང་པའི་སྐབས་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་མོད། འདིར་སྒྲུབ་མཆོད་དང་རྗེས་འབྲེལ་གྱི་དབང་དུ་བྱས་ཏེ། ཧཱུྃ། འོག་མིན་ཆོས་དབྱིངས་དབུས་མཐའ་མེད་པ་ནས། །ཞེས་པ་ནས། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཧཱུྃ་བཾ་ཧོཿ ཞེས་པའི་བར་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་དཔལ་དགུའི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་དཔལ་དགུ་པོ་སོ་སོའི་སྔགས་བརྗོད་མཐར་གསལ་གདབ་པ་ནི། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། །ཞེས་པ་ནས་བཀའ་སྡོད་བསྐྱེད་པའི་བར་དང་། ཧཱུྃ། འོག་མིན་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་སུ། །ཞེས་སོགས་ཀྱིས་མཆོད་ཅིང་། ཧཱུྃ། བདེ་གཤེགས་སྐུ་ལྔའི་སོགས་ཀྱིས་བསྟོད་པའང་ལས་བྱང་གི་དཀྱུས་བཞིན་ནོ། །དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་


RTZ014_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་ཅེས་འདོན་པ་སྤོ། གཙོ་སྔགས་ཀྱིས་དགང་ཞིང་ཁྲོ་བོ་སྤྱི་སྔགས་ཀྱིས་འབུལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་ཁྲོ་བོ་སྤྱི་སྔགས་ཀྱིས་ཐུན་མོང་ངམ། ཞི་བ་དང་དཔལ་དགུ་སོ་སོའི་སྔགས་ལན་རེའི་མཐར་རྫས་སྔགས་ཀྱིས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྲེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་འབུལ། དེའི་ཚུལ་ཡང་ཆོག་བྱང་རྩ་བ་ལས། དེ་ནས་མར་གྱི་དགང་བླུགས་གསུམ་མམ་བདུན་ཕུལ་ལ༔ བསྲེག་བླུགས་སུམ་འགྱུར་དུ་དབུལ་ལོ༔ དེ་ནས་ཡམ་ཤིང་ངོ༔ དེ་ནས་འོ་མ་དང་ཞོ་དང་གུར་གུམ་དང་སྦྲང་རྩི་དང་ཀ་ར་ལ་སོགས་པ་འབུལ་ལོ༔ རྫས་རེ་རེ་དང་སྔགས་རེ་རེ་སྤེལ་ལ་དབུལ་ལོ༔ སྔགས་ཉུང་ལ་རྫས་མང་བ་ནི་སྤང་བར་བྱའོ༔ རྫས་ཉུང་ལ་སྔགས་མང་བ་ནི་འགལ་བ་མེད་དོ༔ ཞེས་སོ། །རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་གནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་ནས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་བསཏྲཱ་ཡ་སྭཱ་


RTZ014_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་གོས་གསར་པ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད་ཅིང་། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང་། ཨོཾ་ཨཱཿཧཱུྃ་མུཾ། ཞེས་བརྗོད་ཅིང་། སྒྲུབ་མཆོད་དང་སྦྲེལ་ཚེ། དཀྱིལ་འཁོར་པའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་། མཎྜལ་མེ་ཏོག་གིས་མཚོན་པ་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ནི་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན་རང་ལ་བསྟིམ་པས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་བསམས་ཀྱང་ལེགས་སོ། །གསུམ་པ་ནི། ལས་སྔགས་ཀྱིས་བསང་། བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་དབྱེར་མེད་དུ་གྱུར།


RTZ014_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགང་བླུགས་བྱོན་སྐྱེམས་བཞིན་དང་། གོས་ཟུང་དང་སོ་རྩི་སྔར་ལྟར་འབུལ། རྫས་ལྷག་རྣམས་སོ་སོའི་སྔགས་མཐར། ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རྫས་དང་ཡོ་བྱད་མ་ཚོགས་པ་དང་། ཏིང་འཛིན་མ་གསལ་བ་དང་། ཆོ་ག་ལྷག་པ་དང་། ཉམས་པ་དང་། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ། དེ་ཡང་ཆོག་བྱང་དུ། དེ་ནས་ཡང་མེ་ལྷ་ལ་སོགས་པ་ཀུན་བསངས་ལ༔ ཡེ་ཤེས་ཀྱི་མེ་ལྷ་གང་ན་བཞུགས་པའི་ས་ནས་སྤྱན་དྲངས་ལ་བསྟིམ༔ དེ་ལ་རྫས་རྣམས་དབུལ༔ དགང་བླུགས་གསུམ་མམ་ལྔ་བདུན་ཅི་འབྱོར་ཕུལ༔ རྫས་ལྷག་མ་ནི་རེ་རེ་གསུམ་གསུམ་ལྔ་ལྔ་ཙམ་ལྡང་ན་རེས་མོས་གོང་བཞིན་དབུལ༔ མི་ལྡང་ན་གཅིག་ཏུ་བསྡུས་ཏེ་དབུལ་ལོ༔ དེ་ཡང་རྒྱུན་དུ་བྱེད་ན་རྫས་ཀྱི་ལྷག་མ་བཞག་ཏུ་རུང༔ མི་བྱེད་ན་བཞག་ཏུ་མི་རུང་བས་སྐབས་དེ་ཉིད་དུ་རིངས་པར་འབུལ་ལོ༔ ཞེས་སོ། མཐར་ཉེར་སྤྱོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་དབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་


RTZ014_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཾ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམས་ཤིང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུག་བརྡལ་སོགས་མི་བྱ་བར་རང་གར་འཇོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། །གཉིས་པ་ནང་གི་སྦྱིན་སྲེག་ནི། ཁ་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་པ་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་དཀྱིལ་གྱི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པ་སྟེ། ཡེ་ཤེས་ཐིག་ལེར། ཁ་ནི་ཐབ་ཁུང་དགང་བླུགས་ལག །ཚུལ་ནི་རང་བྱུང་མེ་ཡིན་ལ། །ཞེས་སོ། །གསུམ་པ་ནི། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེར་ཧཾ་ཡིག་བདེ་བ་ཆེན་པོར་བཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་སྟེ། ཕྱག་ཆེན་ཐིག་ལེར། དབང་པོ་གཉིས་ཀྱི་སྦྱོར་བ་ལས། །རླུང་གིས་མེ་ནི་སྦར་བ་འོ། །མར་ཡོད་པ་ནི་སྟེང་འཁོར་ལོ། །དེ་ནི་མར་སྣོད་ཅེས་པ་བརྗོད། །བྱང་ཆུབ་སེམས་ཀྱི་མར་ནི་སྲེག །ཅེས་སོ། །བཞི་པ་ནི། སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་


RTZ014_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེ་ལ། ཐབས་ཤེས་ཟུང་འཇུག་གི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས་སྐུ་གསུང་ཐུགས་མི་ཤིགས་པ་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་བསྐྱང་བ་སྟེ། སྲེག་པ་ཧོམ་གྱི་གཟེར་བུ་ལས། དབྱིངས་དང་ཡེ་ཤེས་ཧོམ་བསྟན་པ༔ ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ༔ མི་གནས་ཡེ་ཤེས་ཧོམ་ཁུང་དུ༔ དུས་གསུམ་བདེ་གཤེགས་ཡམ་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ འཁོར་བ་ངན་སོང་ཐམས་ཅད་བསྲེགས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཅེས་སོ། དེ་ལྟར་ཚུལ་བཞིན་དུ་བསྒྲུབས་པ་ལས་གྲུབ་པའི་འབྲས་བུ་ཐོགས་མེད་དུ་འབྱུང་བར་གདོན་མི་ཟའོ། །བདེ༵་ཆེ༵ན་ཡེ་ཤེས་ཞུགས་སུ་རབ༵་འབ༵ར་མེས། །སྒྲིབ་གཉིས་བུད་ཤིང་གཅིག་ཅར་བསྲེགས་ནས་སླར། །དངོས་གྲུབ་འདོད་འཇོའི་ངོ་མཚར་འོད་པོ་ཆེས། ཁྱབ་པའི་དགེ་མཚན་སྣང་བ་ཀུན་གསལ་ཤོག །ཅེས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་རབ་འབར་ཞེས་བྱ་བ་འདིའང་ཕུལ་དུ་བྱུང་བའི་མཁྱེན་དཔྱོད་ཅན་རིགས་ཀྱི་གཅུང་འགྱུར་མེད་ཡིད་བཞིན་ལེགས་གྲུབ་དཔལ་བཟང་པོའི་གསུང་གིས་ནན་ཏན་དུ་བསྐུལ་བ་བཞིན་བདེ་གཤེགས་འདུས་པ་ཞི་བ་རིགས་བརྒྱའི་སྲེག་ཆོག་གི་དགོངས་པ་ཉིད་གཞིར་བཟུང་། ཚིག་དོན་གནད་གཅིག་པ་རྣམས་འཛིན་སླ་བའི་ཕྱིར་སྐྱབས་རྗེ་བླ་མ་དམ་པས་མཛད་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་དང་མཚུངས་པར་བཀོད་དེ་སྨྱོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རང་ལོ་སོ་གཅིག་པ་གདོང་ངན་གྱི་ལོ་མགོ་ཟླའི་གྲལ་


RTZ014_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟི་གནས་ཉིད་དུ་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།


previousབདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར། པདྨ་འགྱུར་མེད་རྒྱ་མཚོ།next